ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ།

སྤེལ་དུས 2025-11-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་11ཚེས་7ཉིན་དང་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མེ་ཀྲོའུ་གྲོང་ཁྱེར་མེ་ཤན་ཆུས་ཡན་དབྱང་གྲོང་རྡལ་དུ་གནས་པའི་ཡེ་ཅན་དབྱིན་གྱི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་སྐབས་ལས་དོན་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
  ཟླ་11ཚེས་7ཉིན་དང་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མེ་ཀྲོའུ་གྲོང་ཁྱེར་མེ་ཤན་ཆུས་ཡན་དབྱང་གྲོང་རྡལ་ནན་ཧྥུའུ་ཤིང་ཏོག་ཅིན་ཡིའུ་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་སྐབས་ཤིང་འབྲས་འདེབས་མཁན་དང་དེ་བཞིན་ཞིང་ལས་ལག་རྩལ་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
  ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ཀོང་ཏུང་ནི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་པ་དང་། སྔོན་བསྟར་ཁུལ། ཚོད་ལྟའི་ཁུལ་བཅས་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས། འབྱུང་འགྱུར་ལོ་ལྔའི་དམིགས་ཚད་དང་། ལས་འགན། བྱེད་ཐབས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྙིང་རུས་གཏན་འཁྱོངས་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཟླ་11ཚེས་7ཉིན་དང་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཧྲེང་ཀྲང་མོང་ཧྥན་ལི་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་མེ་ཀྲོའུ་དང་ཀོང་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་རེད།
  ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་ཀྲོའུ་གྲོང་ཁྱེར་མེ་ཤན་ཆུས་ཡན་དབྱང་གྲོང་རྡལ་དུ་གནས་པའི་ཡེ་ཅན་དབྱིན་གྱི་དྲན་གསོ་ཁང་དུ་ཕེབས་ཤིང་། ཡེ་ཅན་དབྱིན་གྱི་དྲན་གསོ་ཁང་དུ། ཞི་ཅིན་ཕིང་གིས་ཡེ་ཅན་དབྱིན་གྱི་ཟངས་སྐུར་མེ་ཏོག་སི་ར་ཕུལ་ནས། ཡེ་ཅན་དབྱིན་གྱི་སྐུ་ཚེ་ཧྲིལ་པོའི་བྱས་རྗེས་འགྲེམས་སྟོན་ལ་གཟིགས་པ་དང་། དེ་རྗེས་ཡེ་ཅན་དབྱིན་གྱི་བཞུགས་གནས་རྙིང་པར་གཟིགས་སྐོར་གནང་ཞིང་། ཞི་ཅིན་ཕིང་གིས། ད་ཆ་ང་ཚོར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དེ་དག་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོས་བཙུགས་པའི་སྲིད་དབང་དང་བསགས་པའི་ཕ་གཞིས་ཀྱི་རྨང་གཞིའི་སྟེང་བཏོད་པ་ཞིག་རེད། ཏང་གི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ནས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཤིང་ཏོག་ཅིན་ཡིའུ་ནི་མེ་ཀྲོའུ་ཡི་ཁྱད་ལྡན་ཞིང་ཟོག་ཡིན་པ་དང་། ད་ལོ་ཤིང་ཏོག་ཡིའུ་ཙིར་ལོ་ལེགས་བྱུང་ཡོད། ཞི་ཅིན་ཕིང་ཡན་དབྱང་གྲོང་རྡལ་ནན་ཧྥུའུ་ཤིང་ཏོག་ཅིན་ཡིའུ་འདེབས་འཛུགས་རྟེན་གཞིར་ཕེབས་པ་དང་། དེ་གའི་འགྲེམས་སྟོན་ཁང་དུ་ཀོང་ཏུང་གིས་གསར་བརྗེའི་ཁུལ་རྙིང་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་སོགས་སྐོར་གྱི་སྙན་སེང་གསན་ཞིང་། ཤིང་ཏོག་ཡིའུ་ཙི་དང་དེ་བཞིན་ཤིང་ཏོག་ཡིའུ་ཙིའི་ལས་སྣོན་ཐོན་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས་ལ་གཟིགས་ཞིབ་གནང་བ་དང་སྦྲགས། འབྲས་ཤིང་ར་བར་ཕེབས་ནས་ཤིང་འབྲས་འདེབས་མཁན་དང་ཞིང་ལས་ལག་རྩལ་མི་སྣ་དང་བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད། ད་ལོ་ཤིང་ཏོག་ཅིན་ཡིའུ་ལ་ལོ་ལེགས་བྱུང་བའི་ཁར་ཚོང་ལམ་ཡང་ཡག་པོ་ཡོད་པ་མཁྱེན་རྗེས། ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པས། ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ནས་ཞིང་པ་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
  ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་གྲོང་མི་ཚོར་བྱམས་བརྩེའི་ངང་ཕྱག་གཡུག་གཡུག་གནང་ཞིང་། ཁོང་གིས། ཏང་དང་སྲིད་གཞུང་གིས་གསར་བརྗེའི་ཁུལ་རྙིང་པར་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པས། ཁུལ་རྙིང་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་དང་འབད་འབུངས་ཆེར་སྐྱེད་བྱེད་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་བ་དང་སྦྲགས། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཤིང་ཏོག་ཅིན་ཡིའུ་ལྟར་ཞིམ་མངར་ལྡན་པ་ཡོང་བའི་ཐུགས་སྨོན་ཡང་གནང་བ་རེད།
  ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རུ་ཀོང་ཏུང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས་ཀོང་ཏུང་གི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཡང་བཏོན་གནང་བ་རེད།
  ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་མང་པོ་དང་ཐབས་ལམ་མང་པོ་ནས་དྲིལ་བསྒྲགས་དང་གསོ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་ཁྲིད་སྟོན་བྱས་ནས་ཐུན་མོང་ངོས་འཛིན་སྔར་བས་ཟབ་གཏོང་དང་། ཡིད་ཆེས་ཆེ་རུ་གཏོང་བ། ཧུར་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་དོགས་གཞི་སེལ་དགོས། ཀོང་ཏུང་ནི་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་དང་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཡིན་པས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་སྐབས་ཚུགས་གནས་མཐོ་པོ་དང་བཀོད་པ་ཆེན་པོ་ཡོད་དགོས་པ་མ་ཟད། མདུན་དུ་སྐྱོད་པ་དང་། མིག་དཔེ་འདོན་པ། ལྕི་འགན་འཁུར་བ་བཅས་ཀྱི་འགན་འཁྲི་འཁུར་སེམས་ཀྱང་མཚོན་པར་བྱེད་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཏུང་གིས་ལེགས་ཆ་གསར་པ་གཏོད་པ་དང་ཚད་བརྒལ་གསར་པ་མངོན་འགྱུར་བྱེད་པར་ངེས་པར་དུ་སྒྱུར་བཅོས་སྒོ་དབྱེའི་སྙིང་སྟོབས་དང་དམིགས་བསལ་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་རིམ་གྱིས་རྒྱ་ཆེར་གཏོང་བ་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་མཐོར་གཏོང་གི་འཐབ་ཇུས་ལག་ལེན་བསྟར་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་ཞུགས་དགོས། ནང་ཁུལ་གྱི་སྒོ་དབྱེར་མུ་མཐུད་དམ་འཛིན་བྱས་ནས་ས་གནས་དེ་གའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ལ་དབུས་ནུབ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལའང་སྐུལ་ཁྲིད་བྱེད་དགོས།
  ཞི་ཅིན་ཕིང་གིས་གསུངས་དོན། ཀོང་ཏུང་གི་ངོས་ནས་བརྗོད་ན་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་ནི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཀྱང་རེད། གསོན་ཤུགས་རྒྱས་ཤིང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་མཚོ་ཁུག་ཁུལ་རྩེ་གྲ་དང་འཛམ་གླིང་རིམ་པའི་ཡུག་འབྲེལ་གྲོང་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཕྱར་བ་གྲུ་འདེགས་དང་ལས་དོན་ཏན་ཏིག་བསྒྲུབས་ནས་གཙོ་གནད་ཚད་བརྒལ་དང་ཕྱོགས་ཡོངས་ནས་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་ཤུགས་ཡོད་རྒུས་གཡོད་ཀང་ཨའོ་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་མཉམ་ལས་དང་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་དང་ལམ་སྲོལ་གྱི“མཉེན་སྦྲེལ”ལ་སྐུལ་འདེད་གཏོང་བ། ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན་བཅས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་སྤུས་ལེགས་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་བཅས་བྱས་ཏེ། ཤང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་ལེགས་པའི་ངང་མཉམ་འདྲེས་ཡོང་བ་དང་ཞབས་ཞུ་ཐུབ་པར་རྒྱབ་སྐྱོར་བྱེད་དགོས། ཀོང་ཏུང་གིས་གཙོ་ཤུགས་དམག་དང་སྣེ་འདྲེན་པའི་ནུས་པ་འདོན་པ་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་རྒྱ་ཆེའི་ཁེ་ལས་དང་། ཆེད་ལས་ཞབས་ཞུའི་སྒྲིག་གཞི། མཐོ་སློབ། ཚན་ཞིབ་སྒྲིག་གཞི། རིགས་ཁག་གི་ཤེས་ལྡན་པ་བཅས་ཀྱི་ནུས་པ་འདོན་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཏུང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས། རག་ལས་ས་གཙོ་བོ་ཡིན་པའི་ལས་བྱེད་པར་དམ་འཛིན་དང་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་བྱས་ཏེ། ཏང་གཤིས་ཐད་ཉམས་སད་ཐེག་ཐུབ་པ་དང་། མཐོང་རྒྱ་ཡངས་པ། གསར་གཏོད་མཁས་པ། དམ་འཛིན་དངོས་སྒྲུབ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་དབང་ཆ་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱེད་དགོས།
  ཞི་ཅིན་ཕིང་གིས་གསུངས་དོན། ལོ་མཇུག་སླེབས་པར་ད་དུང་ཟླ་བ་གཅིག་ལྷག་ཙམ་ཡོད་པས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་བྱས་ཏེ་ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་རྒྱག་པ་དང་། དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།
  ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།