ཟླ་11ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་མཇལ་འཛོམས་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་བཙུན་མོ་ནཱ་ནཱ་ཤིས་ཕ་ཝུའུ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཟླ་11ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་མཇལ་འཛོམས་གནང་ཞིང་། འདི་ནི་མཇལ་འཛོམས་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཐུའུ་ཕུའུ་ཁྲི་ཐོག་དྲུག་པར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཐང་ཀ་ནི་དྲག་ཆར་རླུང་འཚུབ་བརྒྱུད་མྱོང་བ་དང་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བློས་ཐུབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པས། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བར་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཐང་ཀའི་ཡིད་རྟོན་རུང་བའི་རོགས་ཟླ་བཟང་པོ་ཡིན་པས། ཐང་ཀས་རྒྱལ་ཁབ་རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་མ་འཇོག་དང་། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གཙང་མ། སྨན་བཅོས་འཕྲོད་བསྟེན། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཐད་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། སློབ་གསོ་དང་། ལུས་རྩལ། གཞོན་ནུ། སྨྱན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱེད་འདོད་ཡོད། ཐང་ཀའི་ལས་རིགས་ཁག་གི་མི་སྣ་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་ལ་ཡོང་ནས་རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་ཕྱོགས་ཡོངས་ནས་ཤེས་རྟོགས་ཟབ་མོ་བྱེད་པར་དགའ་བསུ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་དོན་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་དང་ཞི་བདེ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཡིན།
ཐང་ཀ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་གསུངས་དོན། ཐང་ཀ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐང་ཀས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཐང་ཀ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ཞིང་ལས། ནུས་རྒྱུ་གཙང་མ། སློབ་གསོ། སྨན་བཅོས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཐང་ཀས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་ཐང་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད།
འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐང་ཀ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་དང་། སྨན་བཅོས། སློབ་གསོ། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ལྷན་དུ་བདེན་དཔང་གནང་བ་རེད།
མཇལ་འཛོམས་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་བཙུན་མོ་ནཱ་ནཱ་ཤིས་ཕ་ཝུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་པ་དང་། གུས་ལུགས་དམག་མིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཐང་ཀ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད།
ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།