ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་མཐོངས་མུ་མཐུད་གཏོད་དགོས།

སྤེལ་དུས 2025-12-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་11ཚེས་28ཉིན་གྱི་ཕྱི་དྲོར་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་ནི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་དང་འབྲེལ་བ་ཡོད་ལ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་གི་རྒྱང་ལྟའི་རང་བཞིན་དང་། གནད་སྨིན་རང་བཞིན། བརྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་གོང་མཐོར་གཏོང་གང་ཐུབ་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་མཐོངས་རྒྱུན་མཐུད་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
  ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བློ་མཐུན་ཧྲི་ཅན་ཀྲུང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ལས་ཀའི་གྲོས་འགོ་བཏོན་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། གྲོས་བསྡུར་ཡང་གནང་བ་རེད།
  ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་གནས་བབ་གལ་ཆེན་དུ་བཞག་ནས་དྲ་ཐོག་གི་གཙོ་རྒྱུན་རིན་ཐང་དང་། གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་སྟེ། དྲ་རྒྱའི་ཟང་ཟིང་ལ་རྡུང་རྡེག་དང་བཀག་འགོག་ནུས་ལྡན་བྱས་པས་དྲ་རྒྱའི་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད། ལོ་འདི་དག་གི་ལག་ལེན་ལས་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་དམ་འཛིན་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། ཁྲིམས་སྐྱོང་གི་གཡས་གཞོགས་གཡོན་འདེགས་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་འདུ་ཤེས་མཐའ་འཁྱོངས་བཅས་བྱེད་དགོས་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་དྲ་རྒྱར་དོ་དམ་དང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་དོ་ནན་དུ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱས་ཏེ། དྲ་རྒྱ་སྤྱད་ནས་དམངས་འདོད་ཤེས་རྟོགས་དང་ལས་དོན་སྤེལ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དྲ་རྒྱའི་ལས་སྟེགས་དང་། རང་སྨྱན་སྦྱོར། འཕྲིན་ལམ་མང་བའི་དྲ་རྒྱའི་སྒྲིག་གཞི་བཅས་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དེ་དག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་རང་རྟོགས་ངང་དྲང་ནུས་བརྒྱུད་བསྒྲགས་བྱེད་མཁན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
  ཞི་ཅིན་ཕིང་གིས་བསྟན་དོན། ཆུ་འགོ་དྭངས་ན་ཆུ་རྒྱུན་ལས་ཀྱིས་དྭངས་པས། དྲང་ཕྱོགས་ཀྱི་སྐད་སྒྲ་དང་། གཙོ་རྒྱུན་གྱི་རིན་ཐང་། དུས་རབས་ཀྱི་སྤྱོད་ཚུལ་གསར་པ་བཅས་ལ་བརྟེན་ནས་དྲ་རྒྱའི་བར་མཐོངས་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། དྲ་སྦྲེལ་དེ་བསམ་བློའི་སྣེ་ཁྲིད་དང་། ཀུན་སྤྱོད་སྐྱེད་སྲིང་། རིག་གནས་རྒྱུན་འཛིན་བཅས་ཀྱི་གཡུལ་ས་གལ་ཆེན་དུ་འགྱུར་བར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲ་ཐོག་ནས་དྲིལ་བསྒྲགས་བྱེད་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་སྟེ། ནང་དོན་ཕུན་སུམ་ཚོགས་པ་དང་། མི་སེམས་དྲོ་བ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་དྲ་རྒྱའི་བརྩམས་ཆོས་དེ་བས་མང་བ་འདོན་དགོས། གཙོ་རྒྱུན་སྨྱན་སྦྱོར་གྱིས་དྲ་རྒྱའི་སྤུས་ལེགས་ནང་དོན་མཁོ་སྤྲོད་བྱེད་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་ནི་བརྒྱུད་རིམ་གྱི་ལས་གཞི་ཞིག་ཡིན་པས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ་སློབ་གསོ་དང་། སྲིད་འཛིན། ཁྲིམས་སྐྱོང་སོགས་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱེད་དགོས། དྲ་ཐོག་གི་བསམ་བློ་ཀུན་སྤྱོད་སློབ་གསོ་ཚོགས་རིགས་ཀྱི་དབྱེ་བ་དང་གནད་ལ་འཁེལ་བའི་སྒོ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རང་བརྩི་རང་རྟོན་དང་། རྗེས་དཔག་ཞི་དུལ། ཧུར་བརྩོན་ཡར་རྒྱས་བཅས་ཀྱི་དྲ་རྒྱའི་སྤྱི་ཚོགས་ཀྱི་སེམས་ཁམས་སྐྱེད་སྲིང་བྱེད་དགོས། སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྲིད་འཛིན་ཆོག་མཆན་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲིད་འཛིན་ལྟ་འདོམས་དང་ལས་རིགས་ཀྱི་རང་གཅུན་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། བཅའ་ཁྲིམས་ཁྱབ་གདལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།
  ཞི་ཅིན་ཕིང་གིས་གསུངས་དོན། དྲ་རྒྱའི་ཟང་ཟིང་གི་རྣམ་པས་སྤྱི་ཚོགས་ཀྱི་དར་སྲོལ་ལ་བཙོག་སྐྱོན་གཏོང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བས་རལ་གྲི་འཕྱར་ཕོད་པ་དང་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་ཁེ་ཕན་གྱི་འཁོར་འབྲེལ་དང་ཐོན་ལས་ཀྱི་འཁོར་འབྲེལ་དེ་མཆེད་པའི་རྐྱེན་རྩ་དང་ཆ་རྐྱེན་རྦད་དེ་མེད་པར་བཟོ་དགོས། དྲ་རྒྱའི་ཟང་ཟིང་ལ་རྡུང་རྡེག་གཏོང་བ་དང་ཟུང་འབྲེལ་བྱས་ནས་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཉམས་ཞན་ལྷུ་ཚིགས་བཙལ་འཚོལ་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཞན་ཆ་སེལ་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་རྒྱུན་ཆད་མེད་པར་ཐོན་ནས་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་ལ་འགྲན་སློང་འཕྲད་ཡོད་ལ་རྒྱབ་སྐྱོར་གྱི་ཆ་རྐྱེན་གསར་པའང་མཁོ་འདོན་བྱས་ཡོད། དྲ་འཕྲིན་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་འཕེལ་རྒྱས་འགྲོ་བར་སྐུལ་ལྕག་བྱས་ནས་གྲུབ་འབྲས་གཞན་སྒྱུར་ཞིབ་སྤེལ་དང་བཀོལ་སྤྱོད་བྱེད་རྣམ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རིམ་དབྱེ་དང་རིགས་དབྱེའི་བདེ་འཇགས་ལྟ་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དྲ་རྒྱའི་བདེ་འཇགས་དང་གྲངས་གཞིའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
  ཞི་ཅིན་ཕིང་གིས་གསུངས་དོན། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་ནི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་རེད། རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་གྱི་དྲ་རྒྱའི་ལས་སྟེགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་སྦྲེལ་སྤྱད་ནས་ཀྲུང་གོའི་སྐད་སྒྲ་ཁྱབ་སྤེལ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཡིད་རྟོན་རུང་བ་དང་། གཅེས་སུ་འོས་པ། གུས་པར་འོས་པའི་ཀྲུང་གོའི་གཟུགས་བརྙན་གསོན་ཉམས་དོད་པོས་མངོན་པར་བྱེད་དགོས།