ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

སྤེལ་དུས 2025-12-01 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར“གནད་འཁེལ་ལྔ”ཡོང་བར་བྱེད་དགོས》ཞེས་པ་བཀོད་ཡོད།
  རྩོམ་ཡིག་ནང་ནན་བཤད་གནང་དོན། རང་ངོས་གསར་བརྗེ་ནི་རང་རེའི་ཏང་འདི་ཉིད་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཐར་བར་བྱེད་པའི་ཐབས་ཤེས་གཉིས་པ་དེ་རེད། སྤྱོད་ཚུལ་ལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཏང་གི་རང་ངོས་གསར་བརྗེར་དམིགས་པའི་བསམ་ཕྱོཌ་དང་བླང་བྱ་ཚང་མ་ཁ་གསལ་ཡིན་པ་དང་། འགག་རྩ་དེ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པར་ཐུག་ཡོད།
  རྩོམ་ཡིག་ནང་བསྟན་དོན། ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་བྱེད་ཚད་སྔར་བས་གནད་འཁེལ་ཡོང་བར་བྱེད་དགོས། ད་ལྟ། ང་ཚོའི་ཏང་གིས་ཕྲག་ཏུ་ཁུར་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་བ་དང་། སྲིད་སྐྱོང་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བས། རང་ངོས་གསར་བརྗེའི་རྩ་བ་འདི་དེ་བས་དམ་པོར་འཛིན་དགོས། རང་རེའི་ཏང་གིས་རང་ངོས་གསར་བརྗེར་བརྟེན་ནས། གྲི་དངོ་ནང་གཏད་དང་། བཟང་བསྟོད་ངན་སྨད། རུས་གཞོག་ནད་བཅོས་བཅས་བྱེད་བཞིན་ཡོད་པ་དེས། ཏང་གི་གཟུགས་བརྙན་དང་དབང་གྲགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཏང་གི་གཟུགས་བརྙན་དང་དབང་གྲགས་ཆེ་རུ་གཏོང་ཐུབ་པ་དང་། ཏང་ཡོན་ལས་བྱེད་པའི་ཧུར་སེམས་ཉམས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཏང་ཡོན་ལས་བྱེད་པའི་ཧུར་སེམས་དེ་བས་རྒྱ་ཁྱབ་ངང་སྐུལ་སློང་བྱེད་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་ཐུབ།
  རྩོམ་ཡིག་ནང་བསྟན་དོན། ཏང་ཡོན་ལས་བྱེད་པས་ཏང་གཤིས་ལ་ཤུགས་སྣོན་རྒྱག་སྐབས་སྔར་བས་གནད་འཁེལ་ཡོང་བར་བྱེད་དགོས། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར། ངེས་པར་དུ་གཞི་བརྟན་བསམ་འཕེལ་དང་ཏང་གཤིས་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། ཀུན་སྤྱོད་དང་གཤིས་རྒྱུད་ལ་ལྷད་མེད་པ། སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དེ་ཡིན། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་པོ་སྲུང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། ལས་སྒྲུབ་ལས་གཏོད་བྱེད་རིང་འབད་འཐབ་ཀྱི་མི་ཚེར་ཞུན་བརྡར་ཐེབས་པར་བྱས་ནས། དམངས་ལ་བདེ་སྐྱིད་སྐྲུན་རིང་ཀུན་སྤྱོད་ཀྱི་གནས་ཚད་མཐོ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ཧུར་ཐག་ཞུགས་ནས་ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་པར་དགའ་མཁན་ཞིག་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་བསྡུར་ནས་རང་སྐྱོན་རང་བརྟག་བྱས་ཏེ། ནང་སེམས་པ་རྣལ་དུ་ཕབ་ནས་ཕྱིའི་སྤྱོད་པ་རྒྱ་ཡན་དུ་མི་ཤོར་བའི་འགན་ལེན་བྱེད་དགོས། མི་འདེམས་མི་སྤྱོད་བྱེད་རིང་ཏང་གཤིས་ཀྱི་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་བསམ་བློའི་འཁྱེར་སོ་དང་ལྷག་བསམ་རྣམ་དག་དང་སྤྱོད་གཙང་ཐུབ་ཚད་ལ་རྟོག་ཞིབ་བྱ་རྒྱུར་མཐོང་ཆེན་བྱེད་དགོས།
  རྩོམ་ཡིག་ནང་བསྟན་དོན། དབང་ཆ་ཚད་ལྡན་འཁོར་སྐྱོད་སྔར་བས་གནད་འཁེལ་ཡོང་བར་བྱེད་དགོས། “སྤྱོད་ཚུལ་བཞི”མང་ཆེ་བ་དམིགས་བསལ་གྱི་དབང་ཆའི་བསམ་བློ་ལས་བྱུང་བ་དང་། རུལ་སུངས་མངོན་གསལ་དོད་དུ་འགྲོ་བའི་རྟགས་མཚན་ནི་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་བཞིན་པ་དེ་རེད། ཏང་གི་རང་ངོས་གསར་བརྗེའི་གལ་ཆེ་ཤོས་ནི་དབང་ཆ་བཅོས་རྒྱུ་དེ་ཡིན། རྒྱུན་མཐུད་འབད་བརྩོན་བྱས་ནས་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་དངོས་འབྲེལ་བཅུག་སྟེ“ཞི་མི་ལྷས་འཇུག”དང་། “སྟག་རྒོད་ཤོག་བུའི་ཚང་དུ་འཇུག་པ”བཀག་འགོག་ནུས་ལྡན་བྱས་ནས། དབང་ཆར་བརྟེན་ནས་ཁེ་བཟང་འཚོལ་བའི་བར་མཐོངས་ཆུང་དུ་གང་ལེགས་གཏོང་དགོས། ཏང་ཡོན་ལས་བྱེད་པས་ང་ཚོའི་དབང་ཆ་མཐའ་དག་མི་དམངས་ཀྱིས་སྤྲད་པ་ཡིན་པ་རྟག་ཏུ་བློ་ལ་བརྟན་པོར་ངེས་ནས། ངེས་པར་དུ་ཡང་དག་པའི་སྒོ་ནས་དབང་ཆ་བཀོལ་སྤྱོད་དང་མི་དམངས་ལ་འགན་ཁུར་ནས་ཏང་ནང་ཁུལ་དུ་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་གཏན་ནས་མེད་པར་བྱེད་དགོས་ལ། ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། དམིགས་བསལ་དབང་ཆའི་ཤོག་ཁག་བཅས་དེ་བས་ཀྱང་མི་ཐོན་པར་བྱེད་དགོས། ཏང་ནང་ཞུགས་པ་དང་ལས་བྱེད་པའི་དཔུང་ཁག་ནང་ཞུགས་པའི་ཉིན་དེ་ནས་བཟུང་མི་དམངས་དང་། རྩ་འཛུགས། བཅའ་ཁྲིམས་དང་སྒྲིག་ཁྲིམས་བཅས་ལ་གུས་སྐྲག་ཞུ་དགོས།
  རྩོམ་ཡིག་ནང་བསྟན་དོན། ལྟ་སྐུལ་སྒྲིག་སྐྱོང་ནན་པོ་སྔར་བས་གནད་ལ་འཁེལ་པོ་བྱེད་དགོས། ལྟ་སྐུལ་སྒྲིག་སྐྱོང་ནན་པོ་བྱེད་པ་ནི་ཏང་གི་རང་ངོས་གསར་བརྗེའི་ལག་ཆ་ནུས་ལྡན་ཞིག་ཡིན། སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ངེས་པར་དུ་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་བྱ་ཐབས་ནན་པོ་ཉུང་དུ་གཏན་ནས་གཏོང་མི་ཆོག ལྟ་སྐུལ་ནན་པོ་བྱེད་པའི་ཐད་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་སྐྱོང་ནན་པོ་བྱེད་པའི་ཐད་ཚད་གཞི་ནན་དུ་བཏང་ནས། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་དེ་བྱ་ཐབས་ནན་པོར་འགྱུར་བ་དང་སྒྲིག་ལམ་དམ་ནན་དེ་བས་ཡོང་བར་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། ཏང་ཡོངས་ལ་ནན་པོ་མཐའ་གཅིག་ཏུ་བྱེད་པ་དང་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པའི་བརྡ་བཏང་ནས་ཟིལ་གནོན་གྱི་ནུས་པ་ནུས་ལྡན་ཞིག་ཆགས་པར་བྱེད་དགོས།
  རྩོམ་ཡིག་ནང་བསྟན་དོན། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་སྔར་བས་གནད་ལ་འཁེལ་པོ་ཡོང་བར་བྱེད་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་རང་འཁྲིའི་ལས་འགན་ཞིག་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཤོར་བ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱུང་བ་ནི་ལས་གོ་མི་འཕེར་བ་ཞིག་རེད། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིར་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགན་འཁུར་བ་ཨང་དང་པོའི་འགན་འཁྲི། “ལས་གནས་གཅིག་ལ་འགན་འཁྲི་གཉིས”སོགས་ཡོད་ཅིང་། འདི་དག་ལས་འགན་འཁྲིའི་འཁོར་འབྲེལ་ཆ་ཚང་ཞིག་གྲུབ་ཡོད་པས་འགན་འཁྲི་ཚང་མ་ཧ་ཅང་གལ་ཆེ་བ་དང་ཚང་མ་དོན་འཁྱོལ་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། ནན་པོའི་རྣམ་པ་ཏན་ཏིག་གཏོད་པ་དང་སྤྱོད་གཙང་གཞུང་དྲང་གི་དར་སྲོལ་འཛུགས་དགོས།