སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་མཐོའི་གོང་འཕེལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་དང་། སྤུས་མཐོའི་གོང་འཕེལ་གྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་ཞུམ་མེད་མདུན་སྐྱོད་བྱས་པས། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་གསིག་ཚབས་ཆེན་ཐེག་ཐུབ་ཡོད་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་པ། རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྲུང་གོའི་དཔལ་འབྱོར་ལ་སྤྱི་འབོར་འཕར་བ་དང་། འཕར་ཚད་མཐོ་བ། སྤུས་ཚད་མཐོ་རུ་ཕྱིན་པ་བཅས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ལོ་འདི་ཤར་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་དོན་ཧུར་ཐག་བསྒྲུབས་ཏེ། སྤུས་མཐོའི་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་ཏན་ཏིག་བཏང་བས། ཀྲུང་གོའི་དཔལ་འབྱོར་འདི་ཉིད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་ཁྲོད་ལྡེམ་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད།
སི་ཁྲོན་ཏེ་དབྱང་གི་རླངས་སྒུལ་འཕྲུལ་འཁོར་གྱི་འདབ་ལོ་ཐོན་སྐྱེད་ཁེ་ལས་ཀྱི་མི་མེད་འཁོར་ཁང་ཞིག་ཏུ་རིག་ནུས་ཟོག་འགྲེམས་སྒྲིག་ཆས་མགྱོགས་མྱུར་སྒུལ་སྐྱོད་བྱས་ཏེ། འདབ་ལོའི་རགས་དབྱིབས་དེ་གནད་ལ་འཁེལ་བའི་སྒོ་ནས་འཕྲུལ་ཆས་དཔུང་པའི“ལག་ཏུ“སྤྲད་ཡོད། འཁོར་ཁང་དང་ཐག་མི་རིང་བའི་ཐོན་སྐྱེད་ཚོད་འཛིན་ཁང་དུ། གྲངས་འཛིན་གྱི་བརྙན་ཤེལ་ཆེན་པོའི་ཐོག་ཐོན་སྐྱེད་ཀྱི་མྱུར་ཚད་དང་། སྒྲིག་ཆས་འཁོར་སྐྱོད། ཟོག་འགྲེམས་གནས་ཚུལ་སོགས་ཀྱི་གྲངས་གཞི་དུས་ཐོག་མངོན་བཞིན་ཡོད། ཁེ་ལས་ཀྱི་ལས་མི་ཧྥུ་རུའུ་མིང་གིས། ཐོན་སྐྱེད་ལས་རིམ་དེ་ངལ་གསོ་རྒྱག་མི་དགོས་པར་ཆུ་ཚོད་24རིང་འཁོར་སྐྱོད་བྱེད་ཐུབ་ཀྱི་ཡོད། ང་ཚོས་AIམ་ལག་སྤྱད་པས། ལས་རིམ་རེ་རེ་ཚང་མར་གནད་འཁེལ་ཚོད་འཛིན་ཐུབ་ནས། ཐོན་རྫས་ཀྱི་སྤུས་ཚད་བརྟན་པོ་དང་ཚད་ལྡན་ཡོང་བ་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།
ད་ལོའི་ཟླ་10པར་ཨན་ཧུའེ་ཧོ་ཧྥེ་རུ་འབོར་ཐོན་བྱས་པའི་གོ་ལ་ཧྲིལ་པོའི་བརྒྱུད་ལམ་བཞིའི་འཛེར་སྒྲ་ཧ་ཅང་ཆུང་བའི་ཕྱེད་འདྲེན་གཟུགས་འོད་རྡུལ་རྐྱང་པའི་འཚོལ་ཞིབ་ཡོ་བྱད་ཐོག་མ་དེས། ད་ཆ་རྒྱལ་ནང་གི་རྩེར་སོན་གྱི་ཚན་ཞིབ་ལས་ཁུངས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། གོ་ཏུན་ཚད་རྡུལ་འཚོལ་ཞིབ་ཡོ་བྱད་ཀྱི་འགན་འཁུར་བ་ཧྥང་ཡུས་ཆང་གིས། ང་ཚོའི་སྒྲིག་ཆས་དེའི་འདུས་གྲུབ་ཚད་དེ་ཆུ་ཚད་ཧ་ཅང་མཐོ་པོ་ཞིག་ཏུ་རིམ་སྤོར་བྱས་ཡོད། དེ་སྔ་སྒྲིག་ཆས་བཞི་ཡིས་མངོན་འགྱུར་བྱེད་ཐུབ་པའི་བྱེད་ནུས་ད་ཆ་སྒྲིག་ཆས་གཅིག་གིས་མངོན་འགྱུར་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།
རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རིག་ནུས་འཕྲུལ་མི་ནས་ལས་རིགས་སྟོང་དང་ཁེ་ལས་བརྒྱ་ལ་ནུས་པ་འདོན་སྤྲོད་བྱེད་པའི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་གྲས་སྣ་ཚོགས་བར་དང་། དེ་ནས་“ཐེངས་དང་པོ”དང་“དང་ཐོག་མའི”ཚད་བརྒལ་རེ་རེ་བྱུང་བའི་བར། ལོ་འདི་ཤར་ཚུན། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་། ལག་རྩལ་“གསར་པ་ཐོན་པ”དང་ཐོན་ལས་“བརྗེ་སྒྱུར”གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས། ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད། 2025ལོའི་ལོ་གསར་གྱི་ཤིས་ཚིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེ་བས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་མཐོའི་གོང་འཕེལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ། སྔར་བས་མང་བའི“གསར་གཏོད་ནུས་པ”ཁ་ཡོད་ལག་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བཞིན་ཡོད། ད་ལོའི་ཟླ་9པར་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་མདུན་གྲལ་བཅུའི་གྲས་སུ་ཐེངས་དང་པོ་ཚུད་པ་དང་། གསར་གཏོད་ཁྱུ་ཚོགས་24གོ་ལ་ཧྲིལ་པོའི་སྟོབས་ཆེན་བརྒྱའི་གྲས་སུ་གྱུར་པ། བང་གྲལ་ནང་ཚུད་པའི་གྲངས་འབོར་ལོ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་9.6%འཕར་བ་དང་། རིག་ནུས་མི་མེད་གནམ་གྲུའི་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་དང་རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་གྱི་འཕར་སྣོན་རིན་ཐང་ཁག་སོ་སོར59.9%དང་25.1%འཕར་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གསར་གཏོད་སྐུལ་འདེད་འཕེལ་རྒྱས་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆུས་ཝན་གྱིས། 2025ལོ་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་པ་དང་། གྲུབ་འབྲས་གལ་ཆེན་ནི“ཐར་ཐོར་དུ་ཚད་བརྒལ་བྱུང་བ”ནས“མ་ལག་ཡོངས་ཚད་བརྒལ་བྱུང་བའི་”ཕྱོགས་སུ་འགྱུར་ལྡོག་བྱུང་བ་དང་། གསར་གཏོད་ནུས་པ་དེ་དཔལ་འབྱོར་གྱི་སྒུལ་ཤུགས་སུ་མགྱོགས་མྱུར་བསྒྱུར་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་འདུག
“གསར་པའི་”འདུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་དུས་མཚུངས། ཀྲུང་གོའི་དཔལ་འབྱོར་གྱི་“སྦགས་མེད་”ཀྱི་ཚད་གཞི་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་རླུང་ཤུགས་གློག་འདོན་དང་ཉི་ནུས་གློག་འདོན་བྱེད་ཚད་དེ་དུས་མཚུངས་དང་བསྡུར་ན་གྲངས་གནས་གཉིས་འཕར་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བེད་མེད་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལས་རིགས་ཀྱི་རིན་ཐང་འཕར་མ་14.4%འཕར་ཡོད། ཧྲན་ཞི་ཡི་ཚན་རྩལ་ཁེ་ལས་ཤིག་ཏུ་སྲ་གཟུགས་སྙིགས་རྫས་རྡོ་སོལ་གྱི་སོལ་མ་རྡོ་བསྲེགས་ནས་ཐོན་པའི་རྫ་དཀར་ས་དེ་མིག་སྔར་ཤོག་བུ་བཟོ་བ་དང་བྱུག་རྫས། འགྱིག་རྫས། གློག་སྐུད་གློག་ཐག་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱེད་བཞིན་ཡོད། ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཡུས་ཧའེ་ཡན་གྱིས། ཚ་སྐྱེན་ཤོག་བུའི་ཐོན་རྫས་ནི་ང་ཚོས་རང་བརྟེན་ཞིབ་བཟོ་བྱས་པ་ཞིག་ཡིན་ཞིང་། དེས་ནང་འདྲེན་གྱི་ཚབ་བྱེད་ཐུབ། གཞན་དག་ནི་རྒྱན་སྤྲས་ཤོག་བུ་དང་རླངས་འཁོར་གྱི་རྩི་སོགས་སུ་བཀོལ་བཞིན་ཡོད་ཅིང་། ད་ལྟ་རྒྱལ་ནང་དུ་ཁྲོམ་ར་བཟུང་ཚད་55%ལ་སླེབས་ཡོད་ཅེས་བརྗོད་ཡོད།
ལོ་འདི་ཤར་ཚུན། འཛད་སྤྱོད་འདི་ཉིད་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ས་གནས་ཁག་གིས་སྲིད་ཇུས་འགན་སྲུང་དང་མ་དངུལ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས། འཛད་སྤྱོད་བྱ་ཡུལ་གསར་པ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རྣམས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན། རང་འདོད་ཅན་བཅས་ཀྱི་དགོས་མཁོ་སྐོང་བཞིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། མཐའ་མའི་འཛད་སྤྱོད་འགྲོ་སོང་གིས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་50%ཡན་རྒྱུན་འཁྱོངས་ཐུབ་ཡོད།
འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཐད། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། འབྲེལ་ཡོད་ཚོང་ཟོག་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.5ལས་བརྒལ་བ་དང་། མི་ཐེངས་དུང་ཕྱུར་3.6ལྷག་ལ་ཕན་པ་ཐོབ་ཡོད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ད་ལོའི་ལོ་མཇུག་དང་དུས་སང་གི་ལོ་འགོ་ནི་སྲོལ་རྒྱུན་གྱི་འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ཡིན་པས། ཚོང་དོན་པུས་དམངས་འཚོར་ཕན་འདོགས་རྒྱུ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་། འཛད་སྤྱོད་བྱ་ཡུལ་གསར་གཏོད་བྱས་ནས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ་ཡིན་ཞེས་གསུངས་པ་རེད།
2025ལོར། ཀྲུང་གོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་140ཟིན་ཡོད་པས། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་གནས་བབ་སྔར་བས་སྲ་བརྟན་དང་མཐོ་རུ་འགྲོ་བའི་རེ་བ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། ཀྲུང་གོའི་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་མྱུར་བའི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་གཅོག་རྒྱུ་དང་། བཟང་ཆ་ཆེ་རུ་གཏོང་བ་དང་སྟོབས་ཤུགས་གསོག་འཇོག་བྱེད་པའི་ཁྲོད་དུ་མུ་མཐུད་རྒྱང་ལམ་གསར་པའི་ཐོག་བདེ་བླག་ངང་བསྐྱོད་རྒྱུ་ཡིན་པ་རེད།
ཞི་ཅིན་ཕིང་གིས། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཐོག ཀྲུང་ཧྭ་ཡི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ནས། རླུང་བརྟེན་རླབས་གཤག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།