ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ཡི་འགན་སྒྲུབ་སྙན་སེང་གསན་པ།
སྤེལ་དུས 2025-12-18
ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་12ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་སེང་ཞུ་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་སྙན་སེང་ཞུ་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་ནས། ཁོང་གིས་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་གཅིག་རིང་། སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཡིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་སྒྲུབ་ཡར་བརྩོན་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། ཨའོ་མོན་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བདེ་བླག་གཉེར་བ། སྤྱི་པའི་སྲིད་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་བཅས་བྱས་པས། བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་རང་འགུལ་ངང་འབྲེལ་མཐུད་བྱས་ནས། སྲིད་འཛིན་གྱིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་འོས་འཚམ་ངང་སྣ་མང་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་བ། བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་མཉམ་འདྲེས་གང་ལེགས་ཐུབ་པ་དང་ཞབས་འདེགས་ཞུ་དགོས།
ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཀན་ཅེ། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས་པ་རེད།