ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཨ་རིའི་གཞོན་ནུ་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་དགེ་སློབ་ལ་འཕྲིན་ལན་སྤྲིངས་པ།
སྤེལ་དུས 2026-01-13
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་མའེ་ཨཱ་སྨི་ཕ་ལམ་ལམ་སྟོན་སློབ་གླིང་དང་། ཧྥོ་ལོ་ལི་ཏ་སློབ་ཆེན། མའེ་ཨཱ་སྨི་ཏའེ་ཏི་སློབ་གླིང་བཅས་ལས་གྲུབ་པའི་གཞོན་ནུ་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲིར་ཡོང་མཁན་གྱི་དགེ་སློབ་ལ་འཕྲིན་ལན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྤེལ་རེས་ཚོགས་པའི་དགེ་སློབ་ཚོ་ཀྲུང་གོར་ཡོང་བའི་འགྲུལ་བཞུད་སྤྲོ་སྣང་ལྡན་ལ་གྲུབ་འབྲས་མང་པོ་ཐོབ་པ་ཤེས་རྗེས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོས་ཀྲུང་ཧྭའི་རིག་གནས་ལ་བཅངས་པའི་དགའ་སྣང་དང་བརྩེ་བ་ཟབ་མོའང་ཚོར་བྱུང་།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་རེ་བ་དེ་མི་དམངས་ལ་ཐུག་པ་དང་འབྱུང་འགྱུར་གཞོན་ནུར་ཐུག་ཡོད། “ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་ལ་གདན་འདྲེན་པའི”གྲོས་འགོ་ལག་ལེན་བསྟར་བ་ནས་བཟུང་། ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་4ལྷག་ཙམ་ཧུར་ཐག་ཞུགས་ཏེ། ཇི་མ་ཇི་བཞིན་གྱི་ཀྲུང་གོ་རྒྱུས་ལོན་བྱེད་པར་སྐར་ཁུང་ཞིག་ཕྱེ་བ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གཅུགས་ཀྱི་རྒྱུན་མཐུད་པར་འབྲེལ་ཟམ་ཞིག་ཀྱང་བཙུགས་ཡོད། དེ་ཐོག་ནས་མཛའ་མཐུན་སྤེལ་རེས་མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདུན་ཡིན་པ་གང་ལེགས་མཚོན་ཡོད། ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་བྱ་གཞག་ནང་ཞུགས་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཕོ་ཉ་རབས་གསར་པ་བྱས་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་དབར་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཉེ་ཆར། ཨ་རིའི་གཞོན་ནུ་ལོ་ཆུང་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲིར་ཡོང་མཁན་དགེ་སློབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ། 2025ལོའི་ཟླ་10པར་ཀྲུང་གོར་འཚམས་འདྲིར་ཡོང་བའི་མྱོང་བ་ཕྱིར་དྲན་བྱས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔའི་ནང་མི་ཁྲི་5”ཡི་གྲོས་འགོ་བཏོན་གནང་སྟེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་ཤེས་རྟོགས་བྱེད་པར་རྩ་ཆེའི་གོ་སྐབས་བསྐྲུན་པར་ཐུགས་རྗེ་ཆེའང་ཞུས་པ་རེད།