ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ།

སྤེལ་དུས 2026-02-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་དང་འབྲེལ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཞུས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་སྤུན་ཟླ་ཞང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་ཝན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་རྣམས་ལུགས་རྙིང་རྟ་ཡི་ལོ་ལ་གྱི་ལིང་རྟ་ཡི་སྙིང་སྟོབས་རྒྱས་པ་དང་། གཟུགས་གཞི་བདེ་ཐང་ཡོང་བ།  བྱ་བ་ལམ་ལྷོངས་ཡོང་བ།  ཁྱིམ་ཚང་བདེ་སྐྱིད་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་པ། རླབས་ཆེན་མེས་རྒྱལ་རི་ཀླུང་མཛེས་སྡུག་ལྡན་པ་དང་། ཆར་ཆུ་དུས་ལྟར་འབབ་པ།  སྟོབས་འབྱོར་མངའ་ཐང་རྒྱས་པ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བ་བཅས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།
            ཟླ2པའི་ཚེས9ཉིན་ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་དབྱིན་ལི་དང་གྲོང་སྤྱི་དབྱིན་ཡུང་བཅས་ཀྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་གླིང་ཁུལ་དང་། རྒན་གསོ་ཞབས་ཞུའི་ཁྲོམ་ལམ། ལོ་གསར་ཁྲོམ་འདུས་བཅས་སུ་རྟོག་ཞིབ་གནང་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཕུལ་ཡོད།
            ཚེས9ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་པེ་ཅིང་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་གསར་གཏོད་བཀོད་སྤྱོད་གླིང་དུ་ཕེབས་ནས། ཆ་འཕྲིན་ལག་རྩལ་གསར་གཏོད་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། མི་ཐབས་རིག་ནུས་དང་འཕྲུལ་མི་སོགས་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་མ་ཟད། ཚན་ཞིབ་མི་སྣ་དང་ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་དང་སྤེལ་རེས་ཡང་ཡང་གནང་བ་རེད། ཁོང་གིས། དེ་རིང་ཡུལ་དངོས་སུ་སློབ་སྦྱོང་བྱེད་པར་ཡོང་བ་དེས་མཐོང་རྒྱ་ཡངས་སུ་ཕྱིན་སོང་ལ། དེ་དག་བལྟས་ཚར་བའི་རྗེས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་པར་གྱུར་སོང་ཞེས་གསུངས་ཡོད། ཁོང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་ཐུག་ཡོད་པས། པེ་ཅིང་གིས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱས་ནས། དེའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། ཁོང་གིས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།
            པེ་ཅིང་ཞི་ཁྲེང་ཁུལ་པེ་ཚའོ་ཁྲང་སྲང་ལམ་དུ་གནས་པའི“ཝུའུ་ལའོ་·ཤིན་ཅེ”ཞེས་པའི་རྒན་གསོ་ཞབས་ཞུའི་ཁྲོམ་ལམ་གྱིས་ཉེ་བའི་ལོ་ཤས་རིང་འགོག་རྐྱེན་མེད་པ་དང་རྒན་རྒོན་ལ་འཚམ་པའི་བསྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། རྒན་རྒོན་ལ་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཡོད། ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཤིན་ཅེ་ཁོའུ་ཁྲོམ་ལམ་གྱི་རྒན་རྒོན་ཟ་ཁང་དུ་ཕེབས་ནས། ཟ་ཁང་གི་ཁ་ལག་དང་རིན་གོང་། ཁོར་ཡུག་བཅས་ལ་ལྟ་ཞིབ་གནང་བ་མ་ཟད། ཟ་ཁང་གིས་རྒན་གསོའི་ཞབས་ཞུ་སྤེལ་བའི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། འདི་གར་ངལ་གསོ་རྒྱག་བཞིན་པའི་མྱུར་སྐྱེལ་བ་མཐོང་སྐབས། ཞི་ཅིན་ཕིང་གིས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཐད་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོས་ལས་ཀའི་ཆེད་བཏོན་པའི་སེམས་ཤུགས་དང་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་ཞུས་ཡོད།
            དབྱིང་ལིང་རྒན་རྒོན་ཐོག་ཁང་ཏུ། ཞི་ཅིན་ཕིང་གིས་རྒན་རྒོན་གྱི་བདེ་ཐང་བརྟག་དཔྱད་དང་། ཁམས་གསོའི་སྦྱོང་བརྡར། ཉིན་རེའི་འཚོ་བའི་ལྟ་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། རྒན་བཀུར་རྒན་གུས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པ་དང་། རྒན་གཅེས་རྒན་རོགས་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས། རྒན་གསོའི་ཞབས་ཞུ་རྒྱ་ཇེ་ཆེ་དང་སྤུས་ཇེ་ལེགས་སུ་གཏོང་བ་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། རྒན་རྒོན་རྣམས་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་གི་འཚོ་བ་སྐྱེལ་རྒྱུ་ཡོང་བར་མཐུན་རྐྱེན་སྔར་ལས་ལེགས་པ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
            ཚོམས་ཆེན་ནང་། རྒན་རྒོན་ཁག་གཅིག་གིས་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་དང་བཀྲ་ཤིས་སྨོན་ཚིག་འབྲི་བཞིན་ཡོད། ཞི་ཅིན་ཕིང་ཁོང་ཚོའི་ཁྲོད་དུ་ཕེབས་ནས་ཁོང་ཚོའི་བརྩམས་ཆོས་ལ་གཟིགས་གནང་བ་དང་། ཁོང་ཚོར་རྒས་ཀྱང་དཔའ་སེམས་མི་ཉམས་པ་དང་། རྒས་ཀྱང་ལས་ཀ་ལས་རྒྱུ་ཡོད་པའི་སྐུལ་ལྕག་གནང་བ་དང་།  ཁོང་ཚོ་བདེ་ཐང་ཚེ་རིང་ཡོང་བ་དང་དཔྱིད་གསར་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
            ཏུང་ཁྲེང་ཁུལ་ལུང་ཧྥུ་སེ་ཁྲོམ་ཁུལ་དེ་གནའ་ཉམས་སྲུང་ནས་བརྗེ་སྒྱུར་རིམ་སྤོར་བྱས་པ་བརྒྱུད།  ལས་རྣམ་མང་བའི་རྐང་ཐང་ཁྲོམ་གཞུང་ཞིག་ཏུ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ཁྲོམ་གཞུང་གི་ཉམས་འགྱུར་ལ་གཟིགས་ཞིབ་གནང་བ་དང་། གྲོང་ཁྱེར་གསར་སྒྱུར་བྱས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་རེད། ཁོང་ཏའོ་ཞང་ཚུན་གྱི་ཏན་ཞིམ་བག་ལེབ་ཚོང་ཁང་ཞིག་ཏུ་ཕེབས་ནས། ཏན་ཞིམ་བག་ལེབ་ཀྱི་སྣེ་རིགས་དང་ཁྱད་ཆོས་ཐད་མཁྱེན་རྟོགས་གནང་བ་དང་། ཡུལ་དངོས་སུ་ཏན་ཞིམ་བག་ལེབ་བཟོ་སྟངས་ལ་གཟིགས་ཤིང་། ཚོང་བདག་གིས་པེ་ཅིང་གི་ཚོང་རྟགས་རྙིང་པ་དེ་རྒྱུན་འཛིན་དང་གོང་འཕེལ་ཡག་པོ་གཏོང་རྒྱུའི་ཐུགས་རེ་གནང་ཡོད།
            ཏག་ཏག་ལུགས་རྙིང་གི་ལོ་ཆུང་ཉིན་དང་འཁེལ་བས། ལུང་ཧྥུ་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་དཔྱིད་གསར་དུས་ཆེན་གྱི་ཁྲོམ་རས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
            ཞི་ཅིན་ཕིང་གིས་སྤྲོ་སྣང་ཆེན་པོས་ལོ་ཟོག་ཚོང་ཁང་སྣ་ཚོགས་ལ་གཟིགས་གནང་བ་དང་། ཡུལ་དངོས་ཀྱི་མང་ཚོགས་དང་བྱམས་བརྩེའི་སྤེལ་རེས་གནང་ཡོད། ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོས་ཚང་མར་རང་ཉིད་ཆུང་དུས་ལུང་ཧྥུ་སེར་ཐེངས་མང་ཕེབས་མྱོང་བའི་གནས་ཚུལ་གསུངས་པ་མ་ཟད། ད་དུང་ཁྱད་ལྡན་ཟས་རིགས་དང་རིག་གནས་གསར་གཏོད་ཐོན་རྫས་འགའ་ཤས་ཀྱང་ཉོས་གནང་ཡོད།
            སྲང་ལམ་ཐོག་ཏུ། ཅིང་ཞི་བྲོ་རྔའི་འཁྲབ་སྟོན་འཁྲུག་ཆ་དོད་ཅིང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཡུལ་དངོས་ཀྱི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་དགའ་འབོད་དང་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་པེ་ཅིང་གི་གྲོང་མི་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས། དེ་རིང་ནི་བྱང་ཕྱོགས་གྱི“ལོ་ཆུང”ཡིན་པས། དེ་རིང་ང་རང་ཆེད་མངགས་ཚང་མ་དང་མཉམ་དུ“ལོ་ཆུང་དགའ་གཏོང་དང་ལོ་གསར་ལ་བསུ་བ་ཞུར་བར”ཡོང་བ་ཡིན། འདི་གའི་རྣམ་པ་འཁྲུག་ཆ་དོད་ཅིང་སྤྲོ་སྣང་གིས་ཕྱུག་པ་དང་། ལོ་གསར་གྱི་རྣམ་པས་ཁེངས་ཤིང་ལོ་ཟོག་འབེལ་པོ་ཡོད་པ་མཐོང་སྐབས་ཧ་ཅང་དགའ་པོ་འདུག ལོ་གསར་ནི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་ཆེན་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོར་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དགའ་སྤྲོའི་ངང་ལོ་གསར་ལ་རོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ལུགས་རྙིང་རྟ་ཡི་ལོ་ལ་གྱི་ལིང་རྟ་ཡི་སྙིང་སྟོབས་རྒྱས་པ་དང་། གཟུགས་གཞི་བདེ་ཐང་ཡོང་བ།  བྱ་བ་ལམ་ལྷོངས་ཡོང་བ།  ཁྱིམ་ཚང་བདེ་སྐྱིད་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་པ་དང་། ང་ཚོའི་རླབས་ཆེན་མེས་རྒྱལ་རི་ཀླུང་མཛེས་སྡུག་ལྡན་པ་དང་། ཆར་ཆུ་དུས་ལྟར་འབབ་པ།  སྟོབས་འབྱོར་མངའ་ཐང་རྒྱས་པ། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བ་བཅས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།
            རྟོག་ཞིབ་གནང་བའི་རིང་ལ། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བར་གསན་པ་དང་། པེ་ཅིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
            ཞི་ཅིན་ཕིང་གིས།  ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན། པེ་ཅིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ་བྱས་ཐོག  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གནད་ལ་འཕིགས་པོས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་པར་འགན་ལེན་བྱས་ཏེ། རྒྱལ་ཡོངས་སུ་དཔེ་སྟོན་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། པེ་ཅིང་གིས་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དང་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ལ་གཞི་ཚུགས་ཐོག སྤུས་མཐོའི་འཕེལ་རྒྱས་ཀྱི་ཁྲིད་སྟོན་སྔར་བས་བརྟན་དུ་བཏང་སྟེ། འཕར་ཆག་ཡོད་ཅིང་འགན་སྲུང་དང་ཚོད་འཛིན་གཉིས་ཀ་ཡོད་པའི་ཁྲོད་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་སྟེ་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མེད་པ་དག་ཁ་འགྲེམ་རྒྱུར་དམ་འཛིན་བྱས་ཏེ། འཕར་ཚད་ཚོད་འཛིན་དང་གསོག་ཚད་ཁ་འགྲེམ་གཉིས་ཟུང་འབྲེལ་དང་ཕྱོགས་གཉིས་ཀར་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཁ་འགྲེམ་དང་མཐོར་འདེགས་གཉིས་གཅིག་གྱུར་དམ་ཟབ་དང་ཕན་ཚུན་སྐུལ་འདེད་ཐུབ་པར་བྱེད་དགོས། པེ་ཅིང(ཅིང་ཅིན་ཅི)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་རྒྱ་སྐྱེད་ཀྱི་གོ་སྐབས་དམ་འཛིན་གྱིས་ཐེན་ཅིང་དང་ཧོ་པེ་དང་མཐུན་སྦྱོར་གསར་གཏོད་དང་ཐོན་ལས་རོགས་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། རིག་གནས་དང་ཚོང་དོན། ཡུལ་སྐོར། ལུས་རྩལ། འགྲེམས་སྟོན་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཆེན་པོས་པེ་ཅིང་གི་གྲོང་འདབས་ཆེན་པོར་སྐུལ་ཁྲིད་དང་པེ་ཅིང་གི་གྲོང་འདབས་ཆེན་པོས་གྲོང་ཁྱེར་ཆེན་པོར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་འཕེལ་རྒྱས་དང་། མཉམ་འདྲེས་འཕེལ་རྒྱས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྔར་བས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། རྒྱལ་ཡོངས་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཉམས་མྱོང་འདོན་སྤྲོད་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། པེ་ཅིང་གིས་རྒྱལ་སྤྱིའི་རྩེར་སོན་གྱི་འཆམ་མཐུན་གནས་འཕྲོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དཔེར་འོས་ཚད་གཞིའི་ཐོག་ནས་གྲོང་ཁྱེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་གནོད་འགོག་གེགས་སེལ་དང་འཕྲལ་སྒྲུབ་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་མཐའ་འཁྱོངས་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་པ། “ཞུ་གཏུག་འབྱོར་མ་ཐག་ཐག་གཅོད་བྱེད་པ་”སོགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཚོ་གནས་ལ་འཚམ་པའི་ཁྱིམ་གཞིས་བསྐྲུན་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཚན་རྩལ་གྱི་ནུས་པ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་བཅོས་སྐྱོང་སྔར་བས་ཕན་ནུས་ཆེ་བ་དང་ཞིབ་ཚགས་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། ངེས་པར་དུ་ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་དངོས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐད་མངོན་གསལ་གྱིས་དམ་འཛིན་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་འཇོན་ནུས་སྦྱོང་བརྡར་བྱེད་དགོས། མི་གདམ་གསེས་དང་མི་བེད་སྤྱོད་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་ལེགས་པོ་འདེམས་པ་དང་འཇོན་ཐང་ཅན་བཀོད་སྒྲིག་བྱེད་དགོས། སློབ་སྦྱོང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པའི་དཔུང་ཁག་གི་དེང་རབས་ཅན་འཛུགས་སྐྱོང་གི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། སྤྱོད་གཙང་སྒྲིག་ནན་དང་རུལ་རྒོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མེད་པ་བཟོ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་འབྱུང་ཁམས་ཧུར་ཐག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
            ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།