རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ། དམངས་གཙོར་བརྟེན་ནས་བློ་གྲོས་རྒྱ་ཁྱབ་བསྡུ། ཟླ་3ཚེས་11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ནུས་གཅིག་སྒྲིལ། དམ་པ་དོན་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་། ཚོགས་འདུར་ཞུགས་མཁན་ཨུ་ཡོན་ལ་གཟིགས་པ་མ་ཟད། མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་སྟེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་གནང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་བསྡུར་གནང་བ། གྲོས་མོལ་སྲིད་གླེང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་གནང་སྟེ་འགན་འཁྲི་གཙང་སྒྲུབ་ལས་ཐེག་པ་ཁུར་ལེན་མངོན་པ་དང་སྲིད་གླེང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་དེས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་གསོན་ཤུགས་དང་མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད།
2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་རེད། ཟིལ་རླབས་དགུང་འཕྱུར་གྱི་རྒྱང་ལམ་ལ་ཕྱི་མིག་ལྟ་སྐབས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་པ་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་གནང་བའི་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆར་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་སུས་ཀྱང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཁུངས་བཙན་ཐུབ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་པས། བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་པར་ལྷག་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་།
རྒྱལ་ཁ་ཐོབ་ངེས་ཡིན་པའི་གདེང་ཚོད་ཆེ་རུ་གཏོང་བ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་གོམ་པ་རེ་རེ་བཞིན་བརྟན་པོར་སྤོས་ནས་མདུན་ཕྱོགས་སུ་སྐྱོད་དགོས། འགོ་རྩོམ་མཁན་གྱིས་གྲུབ་འབྲས་ཐོབ་པར་བརྩོན། བྱས་པ་ཅན་གྱིས་ཇུས་བཟང་སྔོན་ནས་འདིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་ལེན་བསྟར་བ། དཔལ་འབྱོར་ནུས་ལྡན་གྱིས་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་གྱིས་འབོར་ཚད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཚེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་ངེས་རེད།
མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་ལམ་ལུགས་ཐད་གསར་གཏོད་རླབས་པོ་ཆེ་བྱས་པ་ཞིག་རེད། འབྱུང་འགྱུར་ལ་ཕྱོགས་སྐབས་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གཏན་འཁེལ་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པས། སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་དང་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་དགོས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་ཤེས་ལྡན་པ་གཅིག་སྡུད་དང་རིག་སྟོབས་མང་འདུས་ཀྱི་དགེ་མཚན་བཏོན་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་དམིགས་ཏེ་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག དམངས་གཙོའི་ལྟ་སྐུལ་བཅས་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། དངོས་སྒྲུབ་གོ་ཆོད་ཀྱི་ཐབས་ཇུས་དང་གྲོས་འགོ་འདོན་པ། སྤུས་ཚད་མཐོ་བའི་གྲོས་མོལ་དང་ཆུ་ཚད་མཐོ་བའི་ཐབས་འདོན་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་ཐབས་ཇུས་ལག་བསྟར་ནུས་ལྡན་བྱེད་པར་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ནུས་པ་འདོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐུན་ཆ་ཆེ་ཤོས་ནུས་ཤུགས་ཡོད་རྒུས་ཡག་པོ་གཏོད་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་འབྱོར་བའི་གློག་འཕྲིན)
རྩོམ་སྒྲིག་པ། རིག་གྲོལ།