སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པའི་འཐབ་ཇུས་ཀྱི་དམིགས་འབེན་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བར་ཁྲིད་སྟོན་བྱེད་མཁན་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད་ཅེས་བསྟན་གནང་ཡོད། གླིང་ཕྲན་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་བསྟུན་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ཀྱི་ཕན་ཁེ་ཡང་རྒྱུན་མཐུད་ངང་མངོན་བཞིན་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཐད་རྣམ་པ་གསར་རྐྱང་ཞིག་རྒྱུན་ཆད་མེད་པར་ཐོན་ནས། སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་གོང་འཕེལ་དང་མཉམ་རྒྱལ་ཐུབ་པའི་སྒུལ་ནུས་སྟོབས་ཆེན་ཞིག་གཅིག་འདུས་བྱེད་བཞིན་ཡོད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གླིང་ཕྲན་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱས་པ་ནས་བཟུང་། འགག་སྒོ་སྒྲོལ་མཁན་མང་ཡང་གོ་རིམ་ལྡན་ཞིང་། དཔལ་འབྱོར་ཉོ་ཚོང་དང་སྤེལ་རེས་བྱེད་ཚད་ཇེ་མང་དུ་འགྲོ་བཞིན་པ་དང་། ཁྲོམ་རའི་བྱེད་པོའི་སེམས་ཤུགས་ཀྱང་ལྡབ་འཕེལ་བྱུང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ལྷོ་རྒྱ་མཚོའི་འགྲམ་ངོགས་སུ་རིམ་བཞིན་མངོན་བཞིན་ཡོད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གནང་བ་བཅས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་ཧའེ་ནན་དུ་རྟོག་ཞིབ་གནང་བར་ཐེངས་མང་ཕེབས་ནས། སྤུས་མཐོའི་གོང་འཕེལ་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་དང་། བརྗིད་ཆེའི་འཆར་འགོད་བཏིང་གནང་ཡོད། 2018ལོའི་ཟླ་4པར། ཧའེ་ནན་ཞིང་ཆེན་དུ་བསྐྲུན་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ཏེ་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཧའེ་ནན་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གི་གྲུ་ཁ་འཛུགས་པར་གོམ་པ་རིམ་བགྲོད་ཀྱི་འཚོལ་ཞིབ་དང་སྐུལ་འདེད་ཏན་ཏིག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་སྐུལ་འདེད་འོག ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་ཁྱབ་བསྒྲགས་དང་སྦྲགས་ལག་ལེན་བསྟར་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་དེ་སྤྱི་ཡོངས་ནས་མགྱོགས་ཤིང་བརྟན་ལ་ཤུགས་ཚད་དང་གོ་རིམ་ལྡན་པ་ཞིག་ཏུ་འགྱུར་བ་བྱས་ཡོད། 2025ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་ལས་དོན་སྙན་སེང་གསན་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པའི་འཐབ་ཇུས་ཀྱི་དམིགས་འབེན་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཉིད་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བར་ཁྲིད་སྟོན་བྱེད་མཁན་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད།
2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར་གླིང་ཕྲན་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་ཤིང་། འདི་ནི་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་ཚབ་མཚོན་རང་བཞིན་གྱི་བྱ་ཐབས་ཤིག་རེད།
གྲངས་གཞི་ལས་མངོན་པར། འགག་སྒོར་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱས་པ་ནས་ད་ལོའི་ཟླ་2པའི་ཟླ་མཇུག་བར། ཧའེ་ནན་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་654.9ཟིན་པ་དེ་དུས་མཚུངས་ལས་29.1%འཕར་ཡོད། དེའི་ནང་། ད་ལོའི་ཟླ་དང་པོ་དང་གཉིས་པར་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་པའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེ་དང་ཆབས་ཅིག ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་ཐུབ་ཡོད། འགག་སྒོར་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱེད་འགོ་ཚུགས་ཚུན། གཉེར་སྐྱོང་བྱེད་པོ་ཐེམ་དུད་ཁྲི་8.25གསར་དུ་འཕར་ཡོད་ཅིང་། དེའི་ནང་ཁེ་ལས་ཁྲི་6.79གསར་དུ་འཕར་བ་དེ་དུས་མཚུངས་ལས་87.18%འཕར་བ་དང་། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་693གསར་དུ་འཕར་བ་དེ་དུས་མཚུངས་ལས་33.5%འཕར་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་བཏང་ནས། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་པའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་ཅིང་། ཚད་གཞི་མཐོན་པོས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དང་། ཆུ་ཚད་མཐོ་པོས་གླིང་ཕྲན་ཡོངས་སུ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་བྱ་རྒྱུ། ཉོ་ཚོང་མ་འཇོག་དང་རྐྱེན་གཙོ་འཁོར་རྒྱུག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒོ་དབྱེའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ། ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་དང་འཚམ་པའི་སྲིད་ཇུས་ལམ་ལུགས་མ་ལག་རིམ་བཞིན་འཛུགས་རྒྱུ་བཅས་བཏོན་ཡོད།
འགོ་ཚུགས་ལོར། ཧའེ་ནན་གྱིས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ཀྱི་ཕན་ཁེ་གང་མགྱོགས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། “སྒོ་ཁྲལ་མེད་པའི་”ཚོང་ཟོག་6600ཙམ་བར་འཕར་ཡོད་པ་དང་། “སྒོ་ཁྲལ་མེད་པའི་”ཆུ་ཚད་དེ་74%ལ་སླེབས་ཡོད། ད་ལོ། ཧའེ་ནན་གྱིས་ད་དུང་ནང་འདྲེན་གྱི་ཁྲལ་བསྡུའི་ཚོང་ཟོག་གི་དཀར་ཆག་ལེགས་སྒྲིག་དང་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་བྱས་ནས་སྐུལ་འདེད་དང་། ལས་སྣོན་གྱི་གནས་ཐང་འཕར་བའི་སྒོ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད། མི་རིང་བའི་གོང་། ཧའེ་ནན་གླིང་ཕྲན་ནང་ཁུལ་གྱི་གྲོང་མིར་རྒྱལ་ཁོངས་ནང་འདྲེན་པའི་ཚོང་ཟོག་འཛད་སྤྱོད་བྱེད་སྐབས་“སྒོ་ཁྲལ་མེད་པའི་”སྲིད་ཇུས་དང་གླིང་ཕྲན་ནས་བྲལ་བའི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་གསར་པ་སྔ་རྗེས་སུ་ལག་ལེན་བསྟར་ནས། གྲོང་མིས་ཁྱིམ་གྱི་སྒོ་འགྲམ་དུ་དངོས་ཕན་དང་དཔྱ་ཁྲལ་རྩ་ཆག་གཏོང་བའི་དངོས་ཟོག་ཉོ་སྒྲུབ་ཐུབ་པ་བྱུང་ཡོད།
འགོ་ཚུགས་ལོར། ཧའེ་ནན་གྱིས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་བཏང་ཡོད། མིག་སྔར། ཁག་22ཀྱི་ལམ་ལུགས་འདུས་གྲུབ་གསར་གཏོད་ཀྱི་དཔེ་གཞི་ཁག་181སྐྱེད་སྲིང་བྱས་ཡོད། ད་ལོ། ཧའེ་ནན་གྱིས་ད་དུང་རྒྱལ་ཁོངས་ལས་སྒྲོལ་བའི་ཞབས་ཞུ་ཉོ་ཚོང་གི་ལྡོག་ཕྱོགས་གསལ་ཐོ་ཉུང་འཕྲིར་སྐུལ་འདེད་གཏོང་རྒྱུ་དང་། ཡུལ་སྐོར་དང་སྨན་བཅོས། འགྲིམ་འགྲུལ། དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་གཏོང་རྒྱུ་རེད། ད་ཆ། སྨན་བཅོས་ཡོ་བྱད་དང་དོས་སྒམ། རྩེར་སོན་གློག་འཕྲུལ་སོགས་ཚུད་པའི་ཚོང་ཟོག་ཨང་སྒྲིག་ཐོན་རྫས་38ལ་དེ་གར་“ཕྱི་རྒྱལ་ནས་ཡོང་ཞིང་ཕྱི་རྒྱལ་དུ་གཏོང་རྒྱུའི་”དངོས་ཟོག་གི་ཁྲལ་སྲུང་ཉམས་གསོའི་ལས་སྒོ་སྤེལ་ཆོག་གི་ཡོད་པ་རེད།
ད་ཆ། “འགག་སྒོ་རིམ་པ་དང་པོ་”8ཀྱི་ཆ་སྙོམས་འགག་སྒྲོལ་དུས་ཚོད་དེ་གློད་སྡོམ་གཉིས་ལྡན་གྱི་སྒོ་ཁྲལ་ལས་གཉེར་མ་བྱས་གོང་ལས་26%ཐུང་དུ་ཕྱིན་ཡོད་པ་དང་། “འགག་སྒོ་རིམ་པ་གཉིས་པ་”10ཡིས་“ཁག་བགོས་ནས་གླིང་ཕྲན་ནས་ཐོན་པ་དང་གཅིག་སྡུད་ཐོག་རེ་ཞུ་བྱེད་པ་”དང་། རིག་ནུས་ལྟ་སྐུལ་དོ་དམ་སོགས་ཀྱི་ནུས་ཆེའི་རྣམ་པ་སྤྱད་དེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ནུས་ཆེའི་ངང་སྦྲེལ་མཐུད་ཐུབ་པར་འགན་ལེན་གང་ལེགས་ཐུབ་ཡོད། མིག་སྔའི་བར། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ་180ཡི་མ་འཇོག་ཡིད་དབང་བཀུག་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་བསྡུར་ཚད་61%ལས་བརྒལ་བ། གསར་དར་ཁྲོམ་ར་མང་པོ་ཞིག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཡོད།
སྒོ་དབྱེའི་ཁྲོད་གོ་སྐབས་མཉམ་སྤྱོད་བྱས་ནས་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱེད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པར་འབད་འབུངས་ཡར་བརྩོན་བྱས་ཏེ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་ཟམ་མི་ཆད་པར་འདོན་སྤེལ་གྱིས་རྒྱལ་ཡོངས་སུ་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རོགས་བྱ་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།