ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས 2026-03-27 ཡོང་ཁུངས། རྩོམ་པ་པོ།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་23ཉིན་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་དང་ངེས་གནས་ལ་སྟངས་འཛིན་ཡག་པོ་བྱས་ནས་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་དཔེ་ཧུར་ཐག་ངང་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་དེ་བཞིན་གསུང་བཤད་གལ་ཆེན་གནང་བ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། གཅིག་ནས་“སྟོང་ལོའི་ཇུས་ཆེན་”གྱི་འཐབ་ཇུས་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་ལ་བརྟེན་ནས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

            ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སི་ནི་ཞུང་ཨན་ཁུལ་གསར་དུ་ཁ་འགྲེམས་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ཁག་དང་པོའི་གྲས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་རྟོག་ཞིབ་གནང་སྐབས། ཞུང་ཨན་ཁུལ་གསར་དུ་སྤོ་བའི་གོ་སྐབས་དང་བསྟུན་ནས་ཁེ་ལས་ཀྱི་ལས་བྱེད་པ་དང་ལས་བཟོའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ། ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་འཛུགས་སྐྲུན་དང་ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་ཡོད།

            ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་ཀྱི་ལས་མི་ཀྲུའུ་ཧྥུ་ཆང་གིས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རང་འཁྲིའི་ལས་གནས་ལ་གཞི་རྐང་ཚུགས་ཏེ། བློ་ཁོག་ཆེན་པོས་གསར་གཏོད་དང་འགག་སྒྲོལ་བྱེད་ཕོད་པ་བྱ་རྒྱུ་དང་། མི་སྒེར་གྱི་བློ་གྲོས་དང་རྔུལ་ཆུ་ “ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་”གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བཏོན་ནས། ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་ཆེད་ང་ཚོ་འཐབ་ཕྱོགས་དང་པོའི་ལས་བཟོ་པའི་སྟོབས་ཤུགས་ཡོངས་རྫོགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

            པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་ནི་ཞུང་ཨན་ཁུལ་གསར་གྱི་འགོ་ཚུགས་ཁུལ་དུ་གནས་པ་དང་། དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་ཞུང་ཨན་ཁུལ་གསར་ལ་མགོ་མཇུག་མཐའ་འཁྱོལ་ངང་རོགས་སྐྲུན་བྱེད་པའི་“སློབ་གྲྭ་གསུམ་དང་སློབ་གླིང་གཅིག་”གི་རྣམ་གྲངས་ཀྱི་གྲས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གའི་དགེ་སློབ་དང་གླེང་མོལ་གནང་བ་དང་སློབ་ཁྲིད་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཕྲུ་གུ་ཚོར་གོ་སྐབས་བཟང་པོ་འདིར་གཅེས་འཛིན་གྱིས་ཧུར་བརྩོན་ཡར་རྒྱས་ཡོང་བ་བྱས་ཏེ་ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་ཡོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད།

            པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་གྱི་སློབ་སྤྱི་ཧོང་ཁྲུན་གྱིས། པེ་ཅིང་སློབ་འབྲིང་བཞི་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་རྣམས་ཞུང་ཨན་སློབ་ཁུལ་དུ་འཁྱེར་ཡོང་ནས། སློབ་གཉེར་གྱི་དོན་དངོས་ལ་གཞི་ཚུགས་ཏེ་དོན་འཁྱོལ་བྱ་རྒྱུ་ཡིན། ཕྲུ་གུ་མི་རེ་ངོ་རེའི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་ཡག་པོ་བྱེད་པ་དང་། སློབ་གྲོགས་ཚོར་སློབ་སྦྱོང་ལ་བརྩོན་འགྲུས་དང་བསམ་བློ་གཏོང་མཁས་པ། གཤིས་རྒྱུད་སྦྱོང་བརྡར། གཟུགས་པོ་སྦྱོང་བརྡར། སྐད་ཆ་ཤོད་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཐུགས་རེ་ཆུད་ཟོས་སུ་གཏོང་གི་མིན་ཞེས་བརྗོད་ཡོད།

            ད་ཐེངས་རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤེལ་བའི་གསུང་བཤད་གལ་ཆེན་གྱིས་ཞུང་ཨན་ཁུལ་གསར་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཀྱི་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། ངེས་པར་དུ་ཁུལ་གསར་གྱི་བྱེད་ནུས་དང་ངེས་གནས་མཐའ་འཁྱོངས་བྱས་ཏེ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མེད་པ་རྣམས་ཁ་འགྲེམས་དང་དང་ལེན་ལ་སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་། མཐོ་སློབ། སྨན་ཁང་བཅས་ཀྱི་ཁ་འགྲེམས་རྣམ་གྲངས་འཛུགས་སྐྲུན་ལ་བརྟན་བརླིང་ཁག་བགོས་ཀྱིས་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། དངུལ་རྩའི་སྒྲིག་གཞི་དང་། ཚན་ཞིབ་ཁང་དང་སུའོ། བྱ་གཞན་ཚན་པ་བཅས་ཁ་འགྲེམས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཤིང་། ཁ་འགྲེམས་ཚན་པ་འཕེལ་རྒྱས་སྔར་ལས་ཡག་པ་ཡོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་གནང་ཡོད།

            ཞུང་ཨན་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་གོ་དབྱི་ཡིས། དེ་བས་ཏན་ཏིག་གི་བྱེད་ཐབས་དང་དེ་བས་ལེགས་པའི་ཞབས་ཞུའི་ཐོག་ནས་ཁ་འགྲེམས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། ཞུང་ཨན་ཁུལ་གསར་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔའི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པ་ཕྱོགས་ཡོངས་ནས་འགོ་ཚུགས་པའི་འགག་རྩའི་མཚམས་ཚིགས་སུ། ང་ཚོས་སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མེད་པ་རྣམས་ཁ་འགྲེམས་དང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་དང་། འབྲེལ་མཐུད་ཁ་འགྲེམས་དང་། ཞབས་ཞུ་ཁ་འགྲེམས། ཆ་སྦྱོར་ཁ་འགྲེམས། འདེགས་སྐྱོར་ཁ་འགྲེམས་བཅས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཞུང་ཨན་ཁུལ་གསར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར། ངེས་པར་དུ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ནས་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞུང་ཨན་ཚོགས་པའི་འབྱུང་ཁམས་འཛུགས་སྐྱོང་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་པུའུ་དང་པོའི་པུའུ་ཀྲང་ཝང་ཧྥེང་གིས། འབྱུང་འགྱུར་ལ་ཕྱོགས་པའི་རིག་ནུས་གྲོང་ཁྱེར་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། གནམ་སྔོན་པོ་དང་། ས་གཙང་མ། ཆུ་དྭངས་མ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞུང་ཨན་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཝང་ཧྥེང་གིས། ང་ཚོས་བདེ་སྡོད་གནས་འཕྲོད་ཀྱི་དེང་རབས་ཅན་གྱི་ཁྱིམ་གཞིས་ཧུར་ཐག་སྐྲུན་པ་དང་། ཁུལ་གསར་གྱི་འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤུས་མཐོའི་འཚོ་བ་སྐྱེལ་ས་དེ་བས་མང་བ་ཞིབ་ཚགས་ངང་གཏོད་པ་བཅས་བྱས་ཏེ། ཁ་འགྲེམས་བྱས་པའི་ཁེ་ལས་དང་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་པོ་དང་ལས་གཏོད་དེ་བས་བློ་བདེ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་གཏིང་ཟབ་བསྟར་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་འབྱུང་ཁམས་གཏོད་དགོས་ཞེས་ནན་སྟོན་གནང་ཡོད། ཞུང་ཨན་ཁུལ་གསར་འགོ་འཛུགས་ཁུལ་གྱི་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲན་ལུང་གིས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། འབད་བརྩོན་ཆེན་པོས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ཡིག་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

            ཝང་ཀྲན་ལུང་གིས། ང་ཚོས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ཐོག ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་“རྣམ་གྲངས་ལ་དམ་འཛིན་”དང་། བློ་རྩེ་གཅིག་སྒྲིམ་གྱིས་“ཞབས་ཞུ་ལེགས་གཏོང་”བྱེད་པ། ཡག་ཐོག་ཡག་བརྩེགས་ཀྱིས་“སྤུས་ཚད་མཐོར་འདེགས་”བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགོ་འཛུགས་ཁུལ་དེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་“དུས་རབས་གསར་པའི་གསར་གཏོད་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་”ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཡོད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲེལ་ཡོད་ཕྱོགས་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ཐོག བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ཏེ།             སྔར་བས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། བསམ་ཕྱོགས་གསར་འབྱེད། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཉམ་ཤུགས་གཅིག་སྡུད་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

            ཐེན་ཅིན་གྲོང་ཁྱེར་ཚན་རྩལ་ཅུས་ཅིང་ཅིན་ཅི་ཚན་རྩལ་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀོན་ཡུང་གིས། ང་ཚོས་པེ་ཅིང་ཅིང་ཅིན་ཅི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་རྒྱ་ཆེར་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཅིང་ཅིན་ཅི་ཡི་གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག མ་དངུལ་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཞུང་ཨན་ཁུལ་གསར་འཛུགས་            སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས། ལག་གདང་སྦྲེལ་ནས་འཛམ་གླིང་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གཏོད་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏིང་གནང་བའི་འཕེལ་རྒྱས་ཀྱི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

            པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་དབྱི་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཐོག ང་ཚོས་ཆེས་མཐོའི་ཚད་གཞིར་བརྟེན་ནས་པེ་ཅིང་གི་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཞུང་ཨན་ཁུལ་གསར་དུ་ཁྱབ་གདལ་གཏོང་བ་དང་། པེ་ཅིང་གི་སློབ་གཉེར་ཉམས་མྱོང་དང་དེ་བཞིན་དོ་དམ་གྱི་ཚད་གཞི་ཞུང་ཨན་ཁུལ་གསར་དུ་འཁྱེར་ནས་སྤེལ་རེས་དང་ཕན་ཚུན་འཚམས་འདྲི་དང་དེ་བཞིན་ལས་གནས་རྗེས་འདེད་ཀྱི་            གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཅིང་ཅིན་ཅི་ཡི་སློབ་གསོའི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

            རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སིའི་སི་ཀྲང་ཝུའུ་ཧྲུའུ་ལིན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཐོག ཞིབ་འཇུག་ཇུས་འགོད་དང་མཐུན་སྦྱོར་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་ཁེ་ལས་དང་། མཐོ་སློབ། སྨན་ཁང་བཅས་ཀྱི་ཁ་འགྲེམས་རྣམ་གྲངས་དག་ཁག་དབྱེ་ནས་འཆར་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞུང་ཨན་ཁུལ་གསར་གྱིས་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱས་ནས། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་དཔེ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།


རྩོམ་སྒྲིག་པ། རིག་གྲོལ།