
ཚེས་10ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ་དང་། ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་ནས་ཚོགས་པའི་སྣེ་ཁྲིད་དེ་འཚམས་འདྲིར་ཕེབས་པར་དགའ་བསུ་གནང་བ་རེད། ཁོང་གིས་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འགོ་ཁྲིད་པ་ལོ་10སོང་རྗེས་སླར་ཡང་ཐུག་འཕྲད་བྱུང་བ་དེར་ཏང་གཉིས་ཀྱི་འབྲེལ་བ་དང་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་གཅིག་པ་ཡིན་ཞིང་། སྤུན་ཟླ་ཐའེ་ཝན་བ་ཚུད་པའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བསྐྲུན་པ་དང་། ཐུན་མོང་ཐོག་འོད་སྟོང་འབར་བའི་ཀྲུང་གོའི་ལོ་རྒྱུས་བརྩམས་པ། ཐུན་མོང་ཐོག་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་ཤེས་རིག་བཏོད་པ། ཐུན་མོང་ཐོག་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་གསོ་སྐྱོང་བྱས་ཡོད་ལ། རྒྱལ་ཁབ་ཀྱི་མངའ་ཁོངས་ཁ་བྲལ་དུ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་རུང་བ། མི་རིགས་ཁ་ཐོར་དུ་འགྲོ་མི་རུང་བ། ཤེས་རིག་རྒྱུན་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་བཏོད་དེ་ཀྲུང་ཧྭ་མི་རིགས་རང་སྟོབས་རང་སྤེལ་ཐུབ་པ་དང་། ཀྲུང་ཧྭའི་ཤེས་དཔལ་ཆུ་མོའི་རྒྱུན་བཞིན་གནས་ཐུབ་པ་བཅས་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་གནས་བབ་དང་ཐའེ་ཝན་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་ཡོང་མི་སྲིད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་བརྩེ་སེམས་དང་མཉམ་དུ་སྐྱོད་པའི་དུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་ཡོང་མི་སྲིད། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཚང་མས་ཐའེ་ཝན་གྱི་ཞི་བདེ་དང་ལྷིང་འཇགས་ལ་རེ་སྒུག་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་ཡོང་བར་རེ་སྒུག་བྱེད་པ། འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་རེ་སྒུག་བཅས་བྱེད་ཀྱི་ཡོད། དེ་ནི་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། ང་ཚོས་“གོ་གཉིས་ལོའི་ཐུན་མོང་ངོས་འཛིན་”དང་། “ཐའེ་ཝན་རང་བཙན་”ལ་ངོ་རྒོལ་མཐའ་འཁྱོངས་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ཀྲུང་གོ་གོ་མིན་ཏང་ཚུད་པའི་ཐའེ་ཝན་གྱི་སྲིད་ཏང་ཁག་དང་། ཚོགས་པ་ཁག སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་དང་མཉམ་དུ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་ནས་མཚོ་འགག་ངོགས་གཉིས་ལ་ཞི་བདེ་ཡོང་བ་དང་། སྤུན་ཟླར་བདེ་སྐྱིད་བསྐྲུན་པ། མི་རིགས་བསྐྱར་དར་ཡོང་བ་བཅས་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་འཛིན་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དགོངས་འཆར་བཞི་བཏོན་གནང་བ་སྟེ།
དང་པོ། ཡང་དག་པའི་ཁས་ལེན་ལ་བརྟེན་ནས་བློ་སེམས་མཐུན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱ་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ནི་རྩ་བ་དང་འབྱུང་ཁུངས་གཅིག་མཚུངས། རིག་གནས་དང་རིགས་རྒྱུད་གཅིག་མཚུངས། ཁྲག་རྒྱུན་གཅིག་མཚུངས་བཅས་ཡིན་པས་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་པའི་ཚོགས་པ་ཞིག་ཡིན། ཁྱིམ་ཚང་གཅིག་གི་ནང་མི་མཉམ་གཤིབ་བྱེད་སྐབས། སྐད་ཆ་ཡོད་ཚེ་ཡག་པོ་ཤོད་པ་དང་དོན་དག་ཡོད་ཚེ་གྲོས་བསྡུར་མང་ཙམ་བྱས་ཚེ་སེལ་མི་ཐུབ་པའི་འགལ་བ་དང་མི་མཐུན་པ་མེད། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ནི་ཁ་བྲལ་གཏོང་བའི་ཁ་གཡར་ས་མིན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་ལངས་ཕྱོགས་བརྟན་པོར་བསྐྱངས་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས། རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ཁས་ལེན་བརྟན་དུ་བཏང་སྟེ་ཟོལ་མེད་གཞུང་དྲང་གི་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་གཏོང་དགོས།
གཉིས་པ། ཞི་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ཀ་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ཀྲུང་གོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་གི་ཁྱིམ་གཞིས་འདི་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱ་དགོས་ན། རྩ་བ་ནི་“གོ་གཉིས་ལོའི་ཐུན་མོང་ངོས་འཛིན་” དང་། “ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྲོག་ཤིང་ནི་མཚོ་འགག་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་རེད། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པའི་བཞེད་དགོངས་ཡིན་ཕྱིན་ང་ཚོས་དགའ་བསུ་ཞུ་རྒྱུ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པའི་བྱ་བ་ཡིན་ཕྱིན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབ་ངེས་ཡིན། “ཐའེ་ཝན་རང་བཙན”ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་ལ་གཏོར་བཤིག་གཏོང་བའི་བྱེད་གཏེ་ཡིན་པས་ང་ཚོས་རྒྱ་ཡན་དུ་གཏན་ནས་གཏོང་མི་སྲིད་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
གསུམ་པ། སྤེལ་རེས་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དམིགས་འབེན་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་དུ་འཇུག་རྒྱུ་དེ་ཡིན། ང་ཚོས་ངོགས་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྤུན་ཟླ་ཐའེ་ཝན་བར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཧུར་ཐག་བྱ་རྒྱུ་ཡིན། མེས་རྒྱལ་སྐམ་ས་ཆེ་མོའི་རི་ཀླུང་མཛེས་ཤིང་ཁྲོམ་ར་རྒྱ་ཆེ་བས་སྤུན་ཟླ་ཐའེ་ཝན་བ་རྟག་ཏུ་ཁྱིམ་དུ་ལོག་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཐའེ་ཝན་གྱི་གཞོན་ནུ་སྐམ་ས་ཆེ་མོར་སྤེལ་རེས་དང་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ། ཐའེ་ཝན་གྱི་ཞིང་ལས་དང་ཉ་ལས་ཐོན་རྫས་དང་སྤུས་ལེགས་ཚོང་ཟོག་སྐམ་ས་ཆེ་མོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འདྲེན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ངོགས་གཉིས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་རྒྱ་ཆེར་བཏང་ནས་ངོགས་གཉིས་ཀྱི་སྤུན་ཟླའི་གཉེན་ཉེའི་བརྩེ་བ་ཟབ་ཏུ་གཏོང་དགོས།
བཞི་པ། མཐུན་སྒྲིལ་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ལོ་ནི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་160འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་ཧྭ་དར་རྒྱས་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཁོང་གི་ཚེ་གང་རིང་དོན་གཉེར་གནང་ས་ཞིག་རེད། ད་ཆ་ང་ཚོ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བདེ་བླག་ངང་བསྐྱོད་ཟིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་ཕྱོགས་ནི་འགོག་ཐབས་བྲལ་བ་ཞིག་རེད། སྤུན་ཟླ་ཐའེ་ཝན་བ་དེ་བས་མང་བས་སྐམ་ས་ཆེ་མོའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཐའེ་ཝན་གྱི་འཕེལ་རྒྱས་མདུན་ལམ་ནི་མེས་རྒྱལ་སྟོབས་ཆེན་ལ་ཐུག་པ་དང་སྤུན་ཟླ་ཐའེ་ཝན་བའི་ཁེ་ཕན་དང་བདེ་སྐྱིད་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཐུག་པའི་ངོས་འཛིན་གཏིང་ཟབ་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། འདི་ལོ་ནི་སྐམ་ས་ཆེ་མོའི་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པས། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་བ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་སྟོབས་ཆེར་གཏོང་འདོད་ཡོད། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། མཉམ་འགུལ་བཟང་པོ་རྒྱུན་འཁྱོངས་བྱེད་པ། ངོགས་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་བྱེད་པ། ལག་གདང་སྦྲེལ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པ་བཅས་ཡིན་པ་རེད།

ཀྲེང་ལི་ཝུན་གྱིས་མཚོ་འགག་ངོགས་གཉིས་ཀྱི་མི་དམངས་རྣམས་ཡན་ཧོང་གི་བུ་རབས་ཚ་རྒྱུད་ཡིན་པ་དང་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། ཚང་མར་ཀྲུང་ཧྭ་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་ཡོད། ངོགས་གཉིས་ཀྱི་མི་དམངས་རྣམས་ཀྲུང་གོ་བ་ཡིན་ལ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ལག་གདང་སྦྲེལ་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བཏོན་གནང་བའི་ཀྲུང་ཧྭ་དར་རྒྱས་གཏོང་བའི་དགོངས་པར་སྐུལ་འདེད་གཏོང་དགོས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་“གོ་གཉིས་ལོའི་ཐུན་མོང་ངོས་འཛིན་” དང་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་ཧྭའི་ལོ་རྒྱུས་སྲུང་སྐྱོང་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་གཞོལ་བ། མཚོ་འགག་ངོགས་གཉིས་ཀྱི་དམངས་ཁྲོད་དང་། གཞི་རིམ། དཔལ་འབྱོར་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། གཞོན་ནུའི་སྤེལ་རེས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱི་ཐུན་མོང་བདེ་སྐྱིད་ཆེ་རུ་གཏོང་བ། ངོགས་གཉིས་པོའི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ངོགས་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་གསུངས་ཡོད།
ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།