ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུའི་འགྲེམས་ཚོགས་སྐབས་བཅུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བ་དང《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་སྐབས་འདིའི་འགྲེམས་ཚོགས་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དང་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད།
ཕུའུ་ཅིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། ཨུ་ཀྲུང་འགྲེམས་ཚོགས་དེ་ཉིད་རྒྱལ་ཁབ་གཉིས་པོའི་དབར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འགྲེམས་ཚོགས་སུ་གྱུར་ཡོད་པས། ཕྱོགས་གཉིས་པོའི་དབར་ཐད་ཀར་གླེང་མོལ་དང་གླེང་མོལ་གཏིང་ཟབ་བྱེད་པར་ལས་སྟེགས་མཁོ་འདོན་བྱས་ཡོད། སྐབས་འདིའི་འགྲེམས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་གཙོ་བོར་དམིགས་པ། རྒྱ་ཁྱབ་ཀྱི་གྲོས་དོན་ལ་གཞིགས་ནས་སྤེལ་རེས་བཅས་བྱས་པས། གྲུབ་འབྲས་བཟང་པོ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་མདུན་ལམ་གསར་པར་འཆར་འགོད་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ཡིད་ཆེས་ཀྱང་ཡོད།
ཀྲུང་ཨུའི་འགྲེམས་ཚོགས་སྐབས་བཅུ་པའི་བརྗོད་དོན་གཙོ་བོ་ནི། “ཡིད་ཆེས་དང་། མཉམ་ལས། གཉིས་ཕན”ཡིན་ཞིང་། ཚོང་དོན་པུའུ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ། ཨུ་རུ་སུའི་བཟོ་ལས་དང་ཚོང་དོན་པུའུ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། དེ་ཉིན་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།