ཟླ་7ཚེས་27ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་ཞལ་པར་བསྐྱོན་ཡོད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ནས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་བསྣན་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་ལ། པར་ཙིར་གྱིས་ཀྱང་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་བསུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་གི་འཐབ་ཇུས་རོགས་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་རྣམ་པ་བཟང་པོ་རྒྱུན་མཐུད་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། ཀྲུང་གོ་དང་པར་ཙིར་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་གལ་ཆེན་ཡིན་པའི་ངོས་ནས། ལོ་རྒྱུས་ཡང་དག་དང་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་ཆེད་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་“འབོ་གསེར་རྒྱལ་ཁབ་ཆེན་པོའི་མཉམ་ལས་”སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་ཁ་ཕྱོགས་གནད་སྨིན་དམ་འཛིན་བྱེད་པ། མཐུན་སྒྲིལ་གྱི་འཕེལ་ཕྱོགས་སྲུང་སྐྱོང་བཅས་ཏེ། གྲུབ་འབྲས་དེ་བས་མང་བ་བཏོད་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་གྱི་ལེའུ་གསར་པ་རྩོམ་དགོས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་ཀྱི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། པར་ཙིར་གྱིས་རང་ངོས་ཀྱི་བདག་དབང་རང་བཙན་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་དང་འབྲེལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་པར་ཙིར་ཕྱོགས་ཀྱི་ལེགས་སྐྱེལ་འབུལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད།
ལུའུ་ལ་ཡིས། པར་ཙིར་དང་ཀྲུང་གོས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱས་པར་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་མྱུར་པོ་བྱུང་བ། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དངུལ་འབོར་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། “པར་ཙིར་དང་ཀྲུང་གོའི་རིག་གནས་ལོ་”ཡི་བྱེད་སྒོ་ཁག་གིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་དབར་མི་ཐབས་རིག་ནུས་དང་ནུས་རྒྱུ་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་བས་སྣ་མང་ཡོང་བ་དང་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་ཀྲུང་གོས་2026ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་ལེགས་པར་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་སྒོ་དབྱེ་ཁོང་ཡངས་ཀྱི་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། འབོ་གསེར་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།