ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུཌ་མོལ་ཚོཌ་འདུ་གཙོ་སྐྱོང་གནང་།

སྤེལ་དུས 2026-08-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

             ཀྲུང་གུང་ཀྲུང་དབྱང་གིས་ཟླ་7ཚེས་24ཉིན་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་དེ་བས་ལེགས་པ་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། བསགས་འབོར་སྲིད་ཇུས་ཁག་གི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། དངོས་སྒྲུབ་གོ་ཆོད་ཀྱི་འཕར་ཚད་སྲིད་ཇུས་དུས་ཐོག་ཏུ་ཇུས་འགོད་དང་འདོན་པ། དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ། གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་གང་ཐུབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་ཡོད།

             བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་སྐུལ་སྤེལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཧྲའོ་ཧྥེང་བཅས་ཀྱིས་སྔ་ཕྱིར་གཏམ་བཤད་སྤེལ་ཡོད། ཚང་མས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བསམ་གཞིག་བྱས་པར་རྦད་དེ་མོས་མཐུན་གནང་བ་མ་ཟད། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རིག་ནུས་དཔལ་འབྱོར་ཐོན་ལས་ཀྱི་ཉེར་སྤྱོད་ཚད་གཞིའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་འཛུགས་སྐྱོང་གི་མཉམ་ཤུགས་འདོན་སྤེལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འཛད་སྤྱོད་རྒྱ་ཆེར་གཏོང་བའི་འཆར་འགོད་གནད་སྨིན་དོན་འཁྱོལ་བྱེད་པ། ནུས་ལྡན་མ་འཇོག་སྔར་བས་རྒྱ་སྐྱེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དུས་འཁོར་ལྡོག་པའི་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

             ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མདུན་ཕྱོགས་སུ་ཤུགས་བརྒྱབ་པ་དང་རང་འགུལ་ངང་ལས་དོན་སྤེལ་ནས། ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་བཅག་པས། རང་རྒྱལ་གྱི་དཔལ་འབྱོར་གནོན་ཤུགས་ཐེག་ནས་མདུན་སྐྱོད་ཐུབ་པ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་གོང་འཕེལ་བྱུང་ཡོད་ཅིང་། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད་ཅེས་བསྟན་གནང་ཡོད།

             ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་དཀའ་ངལ་དང་འགྲན་རྩོད་ཁག་གཅིག་ཀྱང་འཕྲད་ཡོད་པས། སེམས་ཤུགས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་སྤུས་མཐོའི་གོང་འཕེལ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་སྨད་དུ། སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་ཞིང་། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་སུ་ནུས་ལྡན་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་ངང་སེལ་རྒྱུ་སོགས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།

             ཞི་ཅིན་ཕིང་གིས། ལོ་སྟོད་དུ། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་གཙོ་གནད་གནད་དོན་ཁག་གཅིག་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

             ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཐུགས་རེ་གསུམ་བཏོན་གནང་བ་སྟེ། གཅིག་ནི་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་དཔལ་འབྱོར་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་བྱེད་པ་དང་། གོང་འཕེལ་གྱི་སེམས་ཤུགས་བརྟན་དུ་བཏང་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་བཏོན་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ། གསུམ་ནི་རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་སའི་མང་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཚང་མས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་། བསམ་བློའི་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཁོར་ཡུག་དང་རྣམ་པ་ཡག་པོ་ཞིག་གཏོད་དགོས་པ་བཅས་རེད།

             ལིའུ་གོ་ཀྲུང་དང་། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཝུའུ་ཀྲེང་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

             བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཧྲའོ་ཧུང་དང་། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་དང་ཀྲང་ཨེན་ཏི། ཧྥང་ཀོང་ཧྭ། ཀྲང་པིན་སོགས་ཡོད་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།