ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས1ཉིན་པར་དུ་སྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས15པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ"བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ"ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། 2035ལོར་བསླེབ་སྐབས་བདེ་ཐང་ཀྲུང་གོ་སྐྲུན་པ་ནི་ཀྲུང་དབྱང་གིས་གནང་བའི་འཐབ་ཇུས་རང་བཞིན་གྱི་ཐག་གཅོད་ཞིག་ཡིན་པས། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི"དུས་སྐབས་ནི་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་གནད་འགག་ཆེ་བའི་དུས་མཚམས་ཤིག་ཡིན་སྟབས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཧུར་ཐག་གིས་སྐུལ་འདེད་བཏང་ནས་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་འབད་བརྩོན་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་འཕྲོད་བསྟེན་ལས་དོན་གོང་འཕེལ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བ་མ་ཟད་གྲོང་ཁྱེར་དང་གྲོང་གསེབ་བར་ཧེ་བག་ཆེན་པོ་ཡོད་པའི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཀྱང་ཡིན། དེས་ང་ཚོས་ཏང་གིས་འཕྲོད་བསྟེན་ལས་དོན་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ། འཕྲོད་བསྟེན་སྔོན་འགྲོའི་ཐབས་ཇུས་ལག་བསྟར་བྱེད་པ། གཞི་རྩའི་སྨན་བཅོས་བྱ་གཞག་སྤྱི་ཕན་ཅན་དུ་འགྱུར་བ། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་ལམ་བུར་བསྐྱོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། 2016ལོར་ཀྲུང་དབྱང་གིས་དུས་རབས་གསར་པའི་འཕྲོད་བསྟེན་ལས་དོན་བྱེད་ཕྱོགས་གསལ་བོར་བཏོན་ཡོད་པ་སྟེ། གཞི་རིམ་གཙོ་གནད་དུ་འཛིན་པ་དང་། བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་སུ་འཛིན་པ། སྔོན་འགོག་གཙོར་འཛིན་པ། ནུབ་ལུགས་གསོ་རིག་དང་སྲོལ་རྒྱུན་གསོ་རིག་གཉིས་ཀར་མཐོང་ཆེན་བྱེད་པ། སྲིད་ཇུས་ཡོད་ཚད་ཁྲོད་འཕྲོད་བསྟེན་མཉམ་འདྲེས་ཡོང་བར་བྱེད་པ། མི་དམངས་ཀྱིས་མཉམ་དུ་སྐྲུན་པ་མཉམ་སྤྱོད་བྱེད་དགོས། དུས་རབས་གསར་པའི་ཚུན་དུ་རང་རྒྱལ་གྱི་འཕྲོད་བསྟེན་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེས། བླང་བྱ་འདི་དག་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ་ར་སྤྲོད་གང་ལེགས་བྱས་ཡོད། ད་ལྟའི་དུས་དང་མ་འོངས་པའི་དུས་ཡུན་ངེས་ཅན་རིང་ལ། རང་རྒྱལ་གྱི་འཕྲོད་བསྟེན་ལས་དོན་གྱིས་དུས་བབ་འགྱུར་ལྡོག་ལ་བསྟུན་ཏེ། ཞིབ་ཕྲའི་སྲིད་ཇུས་བྱེད་ཐབས་སྐོར་ཞིག་ལེགས་སྒྲིག་འཐུས་ཚང་བཟོ་དགོས་པ་སྨོས་མ་དགོས་མོད། འོན་ཀྱང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་ལམ་བུའི་སྟེང་བསྐྱོད་པར་གཡོ་འགུལ་མི་གཏོང་བ་དང་། དུས་རབས་གསར་པའི་འཕྲོད་བསྟེན་བྱ་བའི་བྱེད་ཕྱོགས་ལག་བསྟར་བྱེད་པར་འགྱུར་བ་གཏན་ནས་ཡོད་མི་རུང་། རྩ་བའི་གནད་དོན་དེ་དག་གི་ཕྱོགས་ནས་ནམ་ཡང་རིག་པ་དྭངས་གསལ་དང་འཐབ་ཇུས་བརྟན་སྲུང་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གཙོ་གནད་འབུར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་མ་ལག་རང་བཞིན་གྱི་ལས་གཞི་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་གི་དགོས་མཁོ་སྣ་མང་ཅན་ཉིན་རེ་བཞིན་འཕར་བཞིན་པ་དེར་གདོང་གཏད་དེ། ཕན་ཁེ་རྒྱ་ཆེ་ཞིང་ཕྱོགས་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་ལས་དོན་གལ་ཆེན་སོ་སོ་དམ་འཛིན་བྱས་ཏེ། སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་ཀྱིས་སྐུལ་སྤེལ་བཏང་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། སྤྱི་པའི་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་མཉམ་སྐྱོང་དང་སྨན་བཅོས་སྔོན་འགོག་ཟུང་འབྲེལ། སྨན་དཔྱད་ཟུང་འབྲེལ་བཅས་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནད་རིགས་སྔོན་འགོག་ཚོད་འཛིན་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ། སྨན་བཅོས་སྲོག་སྐྱོབ། འཕྲལ་བསྟུན་ཐག་གཅོད། དངོས་ཟོག་འགན་སྲུང་། ལྟ་སྐུལ་དོ་དམ་སོགས་ཤུགས་སྣོན་རྒྱག་དགོས། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ་དང་། གསོ་རིག་རྨང་བརྟན་ལས་གཞི་ལག་བསྟར་བྱེད་པ། ཀྲུང་ནུབ་སྨན་རྫས་མཉམ་འབྲེལ་གོང་འཕེལ་གཏོང་བ། སླར་སོས་བདག་སྐྱོང་དང་ཞི་བདེར་གནས་ཐབས་ཞབས་ཞུ་མཁོ་སྤྲོད་རྒྱ་སྐྱེད་གཏོང་དགོས། འཚོ་བ་སྐྱེལ་སྟངས་སྐྱོན་བྲལ་དར་སྤེལ་གཏོང་བ་དང་དམངས་ཡོངས་ཀྱི་འཕྲོད་བསྟེན་བྱང་ཚད་མཐོ་རུ་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་སྲིད་གཞུང་གིས་མཉམ་དུ་འཛིན་སྐྱོང་བྱེད་པའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། བདེ་ཐང་ཡར་རྒྱས་སྲིད་ཇུས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ། བདེ་ཐང་འདུ་ཤེས་དེ་སྤྱི་པའི་སྲིད་ཇུས་གཏན་འབེབས་ལག་བསྟར་གྱི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གཞུང་གཉེར་སྨན་ཁང་བཅོས་བསྒྱུར་དང་སྨན་བཅོས་འགན་བཅོལ་སྤྲོད་སྟངས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། སྨན་བཅོས་དང་། འཕྲོད་བསྟེན། སྨན་རྫས་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་ལམ་སྲོལ་ལེགས་བཅོས་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་འབྲས་བུ་འཕྲོད་བསྟེན་ལས་རིགས་སུ་བེད་སྤྱོད་བསྒྱུར་པར་སྐུལ་མ་གཏོང་བ་དང་། དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་ལས་རིགས་ཁྲོད་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། སྨན་པ་རྣམས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། ཀུན་སྤྱོད་བཟང་པོ་དར་སྤེལ། སྤྱོད་ལམ་གཙང་མ་ཡིན་པའི་ཁོར་ཡུག་ནུས་ཤུགས་ཡོད་དགུས་བསྐྲུན་དགོས།
རྩོམ་སྒྲིག་པ། རིག་གྲོལ།