ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།
སྤེལ་དུས 2026-08-24
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2026ལོའི་ཟླ་8ཚེས་22ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་116ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཡོད།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་ཡིས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་འཛུགས་སྐྱོང་གི་ལེའུ་ཡིན་པ་དང་། དེ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་དང་ཉམས་མྱོང་གི་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་ཞིག་ཡིན་ཞིང་། མཁྱེན་དཔྱོད་ཟབ་ཅིང་ཡངས་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ། མ་ལག་ཚགས་དམ་པ་བཅས་ཡོད་པས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་དེ། ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་མཁན་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་2026ལོའི་ལོ་སྟོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་དུས་མཚམས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་བཏོན་ཞིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློའི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེར་གོ་བ་གཏིང་ཟབ་ལེན་པ་དང་། དོན་གྱི་སྙིང་བོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་མཐའ་དག་ལ་གཅིག་འདོམས་བཅས་བྱེད་དགོས། ལས་དོན་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་བྱེད་པ། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ནས་ལོ་ཧྲིལ་པོའི་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། མ་ལག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་དང་གལ་ཆེར་དམ་འཛིན་དང་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལས་ཀའི་མཉམ་ཤུགས་དེ་བས་ཡག་པོ་ཆགས་པར་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་དང་། འཇོན་ཐང་། སྤྱོད་ཚུལ། སྤྱོད་གཙང་བཅས་ཀྱི་ཐད་ཉམས་སད་ཐེག་ཐུབ་པའི་བླང་བྱ་གལ་ཆེན་གཞིར་བཟུང“སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལོའི”བྱ་སྤྱོད་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་། བློ་མཐུན་ཀྲའོ་ཧྲི་ཡུང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པར་འདེམས་བསྐོ་བྱས་པ་དང་། བློ་མཐུན་ཀྲང་ཀྲུང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་འདེམས་བསྐོ་བྱས་པ་རེད།