ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པི་ཧྲི་ཁའེ་ཁེར་ཕེབས་འབྱོར་ཟིན་ནས། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་ཡི་གདན་ཞུས་ལྟར། 2026ལོའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་པི་ཧྲི་ཁའེ་ཁེ་མཱ་ན་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཡོད། ཀྲ་ཕ་ལུའོ་ཧྥུས་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་ཡོད། ས་གནས་དེ་གའི་གཞོན་ནུ་མ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ལ་སྲོལ་རྒྱུན་གྱི་བག་ལེབ་དང་སྦྲང་རྩི་ཕུལ་བ་དང་སྲོལ་རྒྱུན་གྱི་གུས་ལུགས་ཐོག་ནས་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཡོད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་བསྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ས་གནས་དེ་གའི་སྲོལ་རྒྱུན་རོལ་ཆ་དཀྲོལ་གཏོང་གི་འཁྲབ་སྟོན་དང་རྔོན་གླག་དང་། རྔོན་ཁྱི། སྲོལ་རྒྱུན་དཔའ་རྟུལ་གྱི་རུ་སྟར། རྟ་དམག་རུ་ཁག ཕྱིང་གུར་སོགས་རིག་གནས་འགྲེམས་སྟོན་ལ་ལྷན་གཟིགས་གནང་ཡོད། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོའི་གླུ་གཞས་བླངས་ཡོད།
ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་ཁེར་གྷི་སི་ཐན་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། བརྗིད་ཉམས་ལྡན་པའི་ཐེན་ཧྲན་རི་བོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལོ་ངོ་སྟོང་ལས་བརྒལ་བའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་34སོང་ཚུན། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དེ་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཕྱིན་པས། དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གོང་འཕེལ་མགྱོགས་པོ་འགྲོ་བའི“རྫོགས་ལྡན་དུས་བཟང”ཤར་ནས། ཕྱོགས་གཉིས་པོའི་ཉོ་ཚོང་གྲངས་འབོར་དང་རྒྱལ་ཁབ་གཉིས་པོའི་མི་སྣའི་འགྲོ་འོང་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཙེ་པེ་ཁེ་སི་ཐན་བཅས་ཀྱི་ལྕགས་ལམ་སོགས་རྣམ་གྲངས་ཆེ་གྲས་བདེ་བླག་ངང་ལག་ལེན་བསྟར་བས། མིག་མཐོང་ལག་འཛིན་ཐུབ་པའི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་དེ་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་རྒྱ་ཆེན་པོ་བསྐྲུན་ཡོད། འཚམས་འདྲི་ཞུ་རིང་། ང་རང་ནས་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཀྱི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་འཆར་གཞི་གསར་པ་འདིང་རྒྱུ་ཡིན། ང་རང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་པི་ཧྲི་ཁའེ་ཁེ་ཡི་དབུ་ཚོགས་ལ་ཞུགས་ནས་ཕྱོགས་ཁག་དང་ལྷན་དུ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ལ་རྒྱུན་ཆད་མེད་པར་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བཞུགས་ནས་ཕེབས་འབྱོར་ཟིན་ཡོད།
ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཅང་ཕིང་ཡང་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད།
རྩོམ་སྒྲིག་པ། རིག་གྲོལ།