ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ཁེ་རོར་ཕེབས་འབྱོར་ཟིན་ནས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

སྤེལ་དུས 2026-09-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཁེ་རོའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། ཙུང་ཐུང་སའེ་ཤིས་སྟངས་དཔྱལ་གྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་པ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁེ་རོར་ཕེབས་འབྱོར་ཟིན་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱི་གདན་ཞུས་ལྟར་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
  ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཁེ་རོ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་སའེ་ཤིས་སྟངས་དཔྱལ་གྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཤིང་། གུས་དམག་གིས་དམག་རིགས་རྣམ་འབྱེད་རུ་སྟར་བསྒྲིགས་ཏེ་ས་གདན་དམར་པོའི་གཞོགས་གཉིས་ནས་གུས་འདུད་ཞུས་པ་དང་། ཨེ་ཅིབ་ཀྱི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་དར་གཡུག་གཡུག་བྱེད་བཞིན་ཞི་ཅིན་ཕིང་སྟངས་དཔྱལ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
  ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨེ་ཅིབ་སྲིད་གཞུང་དང་ཨེ་ཅིབ་ཀྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
  ཞི་ཅིན་ཕིང་གིས་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོ་དང་ཨེ་ཅིབ་དབར་ལ་ལོ་ངོ་སྟོང་གི་སྲོལ་རྒྱུན་མཛའ་གྲོགས་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་70ཡི་རིང་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཕན་ཡོང་ཐབས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ངས་ཙུང་ཐུང་སའེ་ཤིས་དང་མཉམ་དུ་ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་པོ་ཡོད་པ་དང་། གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། ཕྱོགས་མང་མཉམ་ལས་དམ་ཟབ་དང་ནུས་ལྡན་བྱུང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་གནས་དང་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། ད་ཐེངས་འཚམས་འདྲི་བྱེད་རིང་ངས་ཙུང་ཐུང་སའེ་ཤིས་དང་ལྷན་དུ་ཀྲུང་གོ་དང་ཨེ་ཅིབ་དབར་གྱི་འབྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཐུན་མོང་ཐོག་བཀོད་དེ་ཀྲུང་ཨེའི་མཛའ་མཐུན་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་གསུངས་པ་རེད།
  ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་མཉམ་དུ་ཕེབས་འབྱོར་ཟིན་པ་རེད།
  ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའོ་ལི་ཆང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།