
ས་དེའི་དུས་ཚོད་ཟླ9པའིཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་བ་རུ་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་ནས། ཁ་ཡིག་ལ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས་གདོང་ལེན་སྟོབས་ཤུགས་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ས་དེའི་དུས་ཚོད་ཟླ9པའིཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་བ་རུ་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་ནས། ཁ་ཡིག་ལ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས་གདོང་ལེན་སྟོབས་ཤུགས་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ད་ལོ་ནི་གསེར་ལྡན་རྒྱལ་ཁབ་ཀྱི་མཉམ་ལས་མགོ་བརྩམས་ནས་ལོ20འཁོར་བའི་ལོ་རེད། ལོ20ཡི་རིང་། གསེར་ལྡན་མཉམ་ལས་རྐྱེན་སྲོལ་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས། སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། དེང་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ཀྱི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད། ལོ20འདི་ནི་རང་སྟོབས་རང་སྤེལ་ཀྱི་ལོ་20ཡིན། གསེར་ལྡན་རྒྱལ་ཁབ་ཀྱིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར། ལོ20འདི་ནི་སྐྱིད་སྡུག་མཉམ་མྱོང་གི་ལོ20ཡིན། གསེར་ལྡན་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་། པྲོག་གསར་རིམས་ནད། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ཐག་བཅད་པ་དང་། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་མཁོ་འདོན་བྱས། ལོ20འདི་ནི་གྲུབ་འབྲས་གཡུར་དུ་ཟ་བའི་ལོ20ཡིན། གསེར་ལྡན་རྒྱལ་ཁབ་ལ་ལོ་རྒྱུས་སུ་འགོད་འོས་པའི་ཁོངས་ཞུགས་རྒྱལ་ཁབ་ཀྱི་རྒྱ་བསྐྱེད་བྱུང་བ་དང་། ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་ཀྱི་སྒྲོམ་གཞི་བཙུགས་ནས། གསེར་ལྡན་ཆེན་མོའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་དེ་མགྱོགས་མྱུར་ངང་འགྱུར་ལྡོག་གསར་པ་བྱུང་བཞིན་ཡོད་པ་དང་། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱང་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད། འཛམ་གླིང་རིམ་མང་ཅན་དུ་འགྱུར་བར་བཀག་འགོག་བྱེད་ཐབས་བྲལ། དེ་དང་ཆབས་ཅིག་ཏུ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་ལྡོག་ཤུགས་ཀྱང་ལང་ལོང་དུ་འཕྱུར་བཞིན་ཡོད་ལ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས། ཞི་བདེའི་ཉམས་ཉེན་དང་། འཕེལ་རྒྱས་ཀྱི་ཉམས་ཉེན། བདེ་འཇགས་ཀྱི་ཉམས་ཉེན། བཅོས་སྐྱོང་གི་ཉམས་ཉེན་བཅས་ཇེ་ཆེར་སོང་བ་ལས་ཇེ་ཆུང་དུ་གྱུར་མེད། གསེར་ལྡན་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་དུས་རབས་ཀྱི་གདོང་ལེན་པ་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱུར་སྣེ་ཁྲིད་བྱེད་པ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གཅིག་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོང་ལེན་པ་བྱེད་དགོས། རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་མི་ཐབས་རིག་ནུས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁུངས་འབྱེད་སྒོ་འབྱེད་དང་མཉམ་ལས་མཉམ་སྤྱོད་བྱ་རྒྱུར་སྐུལ་མ་བཏང་ནས། དངོས་སྒྲུབ་མཉམ་ལས་དེ་གསར་གཏོད་དང་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། གསེར་ལྡན་རྒྱལ་ཁབ་སོ་སོས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ནང་ཧུར་ཐག་གིས་ཞུགས་རྒྱུར་དགའ་བསུ་ཞུ། ཀྲུང་གོས་གསེར་ལྡན་རྒྱལ་ཁབ་མི་ཐབས་རིག་ནུས་བཟོ་ལས་ཅན་གསར་པའི་གྲོས་འགོ་བཏོན་ནས། ཕྱོགས་སོ་སོ་དང་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་ཀྱི་གྲུབ་འབྲས་སྔར་ལས་མང་བ་འཛུགས་པ་དང་། ཐོན་ལས་མུ་ཕྲེང་དང་མཁོ་འདོན་མུ་ཕྲེང་གི་མཉམ་ལས་ཟབ་སྤེལ་གཏོང་འདོད།
གཉིས་ནས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་གདོང་ལེན་པ་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་འཛིན་པ་དང་། འཇམ་འཐབ་ཀྱི་བསམ་གཞིགས་དང་ཕྱོགས་ཁག་འགྲན་རྒོལ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་པའི་བདག་དབང་ལ་བཙན་གནོད་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ། ཕན་འབྲས་ལྡན་པའི་ངང་གླེང་གཞིའི་གནད་དོན་ཐག་གཅོད་ལ་ཞུགས་ཏེ། རྩ་ལག་མཉམ་བཅོས་ཀྱི་ཐབས་ལམ་འཚོལ་ཆེད་གསེར་ལྡན་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་བྱས་རྗེས་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་གསེར་ལྡན་རྒྱལ་ཁབ་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་མཉམ་དུ་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ཡོང་བར་ནུས་པ་འདོན་འདོད་ཡོད།
གསུམ་ནས་ཤེས་དཔལ་ཕན་ཚུན་དཔེ་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་གདོང་ལེན་པ་བྱེད་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལྟ་བ་དར་སྤེལ་དང་། ཤེས་དཔལ་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་པ་དང་། འཆམ་མཐུན་མཉམ་གནས་དར་སྤེལ་གཏོང་དགོས། གསེར་ལྡན་རྒྱལ་ཁབ་ཀྱི་མི་ཚུལ་སྤེལ་རེས་གླེང་སྟེགས་ཡག་པོ་གཉེར་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱུར་དྲང་ནུས་གཅིག་ཏུ་བསྒྲིལ་དགོས། རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། མང་ཚོགས་རྒྱུན་དུ་འགྲོ་འོང་དང་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
བཞི་ནས་འཛམ་གླིང་བཅོས་སྐྱོང་ལ་བཅོས་སྒྱུར་དང་འཐུས་ཚང་གཏོང་བའི་གདོང་ལེན་པ་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། སྔར་ལས་གཞུང་དྲང་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་སྲུང་སྐྱོབ་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་བཀག་འགོག་བྱེད་དགོས། དྲ་རྒྱ་དང་། བར་སྣང་། མཚོ་གཏིང་སོགས་མངའ་ཁོངས་གསར་པའི་འཛམ་གླིང་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཇེ་ཆེ་རུ་གཏོང་དགོས་བཅས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས། ལོ་ཉི་ཤུའི་རིང་ཆར་རླུང་དཀའ་སྡུག་ཁྱད་དུ་བསད་ནས་ལས་ལ་བརྩོན་ཏེ། མཐུན་སྒྲིལ་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་གསེར་ལྡན་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ཚང་མས་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་ལྟེ་བའི་དོ་ཁུར་ལ་བརྩི་འཇོག་བྱེད་པ་དང་། འབྲེལ་གཏུག་དང་ཁ་བརྡ་ལ་བརྟེན་ནས་ཕན་ཚུན་བསམ་ཤེས་བྱེད་པར་ཤུགས་སྣོན་པ་དང་། འགལ་ཟླ་དང་མི་མཐུན་པ་ཐག་གཅོད་འོས་འཚམ་བྱེད་པ། གསེར་ལྡན་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱུར་འགན་སྲུང་བྱེད་དགོས། ཀྲུང་གོས་སང་ལོར་གསེར་ལྡན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅུ་དགུ་པ་གཙོ་གཉེར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པ་དང་མ་འོངས་གསར་གཏོད་བྱས་ནས། གསེར་ལྡན་མཉམ་ལས་ཀྱི་གསེར་མདོག་གི་ལོ་བཅུ་གསུམ་པ་འགོ་བརྩམས་ཏེ། མཉམ་དུ་དར་རྒྱས་ཡར་ཐོན་ཡོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་ཚོགས་འདུ་ལ་ཞུགས།
རྩོམ་སྒྲིག་པ། རིག་གྲོལ།