ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། གསར་གཏོད་སྟོབས་ཤུགས་དང་། འགྲན་རྩོད་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱུང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིག་ནུས་ཅན་དང་། སྦགས་མེད་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་རྒྱ་ཆེ་དང་སྟོབས་ཆེར་གཏོང་བ། ཐོན་ལས་སྦྲེལ་ཐག་གི་རང་བརྟེན་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་དེ་ཟླ་9ཚེས་16ཉིན་ནས་ཚེས་17ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་དང་། ཁ་ཕྱོགས་ཐབས་ལམ། གཙོ་གནད་ལས་འགན་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། དེར་འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་ཡུན་རིང་བྱས་རྗེས་བཞག་སྟེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་བསྟན་གནང་ཡོད།
ལི་ཆང་གིས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས། ཐོན་གསར་པའི་རིག་ནུས་བཟོ་སྐྲུན་དེ་ཤུགས་རྒྱག་ས་གཙོ་བོར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ཇུས་ཐད་གྲངས་རིག་ཅན་ལ་བརྟེན་ནས་ནུས་པ་འདོན་སྤྲོད་བྱ་རྒྱུར་དེ་བས་མཐོང་ཆེན་དང་། ལག་རྩལ་ཐད་རྩེར་སོན་རང་བདག་ལ་དེ་བས་མཐོང་ཆེན། ཐོན་སྐྱེད་བྱེད་སྟངས་ཐད་སྦགས་མེད་ཐཱན་ཉུང་ལ་དེ་བས་མཐོང་ཆེན། ལས་རྣམ་ཐད་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ལ་དེ་བས་མཐོང་ཆེན་བཅས་བྱས་ནས་བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་ཅན་དང་། སྦགས་མེད་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
ལི་ཆང་གིས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཕྱོགས་བསྡུས་ཀྱི་ཐབས་ཇུས་ལག་བསྟར་བྱེད་པ་དང་གནད་སྨིན་ཤུགས་སྣོན་བརྒྱབ་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་སྟོབས་ཤུགས་དང་། འགྲན་རྩོད་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཐོན་ལས་གསར་གཏོད་ཀྱི་སྒུལ་ཤུགས་གཏོད་པ་དང་། རྨང་གཞིའི་ཞིབ་འཇུག་གི་འདེགས་སྐྱོར་བརྟན་པོ་བསྐྲུན་པ། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བེད་སྤྱོད་གཏིང་ཟབ་བཅས་བྱེད་དགོས་པ། གསར་དར་ཐོན་ལས་གཞི་ཁྱོན་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། འབྱུང་འགྱུར་ཐོན་ལས་ཀྱི་སྔོན་མཐོང་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་གསར་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། “མི་ཐབས་རིག་ནུས་+བཟོ་སྐྲུན”གྱི་བྱ་སྤྱོད་རྒྱ་ཆེ་གཏིང་ཟབ་ངང་སྤེལ་ནས། ཁེ་ལས་ཀྱི་གྲངས་རིག་ཅན་གྱི་བརྗེ་སྒྱུར་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ནུས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས་པ། ཡུལ་བབ་དང་བསྟུན་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། རིགས་དབྱེ་བ་དང་རིམ་པ་དབྱེ་བའི་སྒོ་ནས་སྤུས་ཚད་མཐོར་གཏོང་དང་རིམ་སྤར་ལ་སྐུལ་འདེད་གཏོང་དགོས་པ། བསྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཀྱི་གཙོ་གཟུགས་གནས་བབ་བརྟན་དུ་གཏོང་བ། སྲིད་ཇུས་དང་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཕྱོགས་བསྡོམས་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲིའི་བསམ་པ། འགན་སྒྲུབ་བསམ་པ་བཅས་ཏན་ཏིག་ངང་ཤུགས་ཆེར་གཏོང་དགོས། གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩར་དམ་འཛིན་བྱས་ཐོག ཐོན་ལས་སྦྲེལ་ཐག་གཙོ་བོ་སྤུས་མཐོའི་ངང་གོང་འཕེལ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་གསར་པའི་རིག་ནུས་བཟོ་སྐྲུན་གོང་འཕེལ་ཤུགས་ཆེན་གཏོང་བ། ཐོན་ལས་མ་ལག་རིམ་སྤོར་དང་མཉམ་འདྲེས་གོང་འཕེལ་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲོམ་རའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱ་རྒྱུར་དམིགས་ཐོག སྤུས་མཐོའི་ཚད་གཞིའི་མ་ལག་གང་མགྱོགས་བསྐྲུན་པ་དང་། ཟང་ཟིང་དང་ལུགས་མཐུན་མིན་པའི་འགྲན་རྩོད་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། ཁེ་ལས་ལ་དོན་དངོས་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས་ཡོད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཅང་སུའུ་ཞིང་ཆེན། ཧུའུ་པེ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་ཡོད་པ་རེད།
ཝུའུ་ཀྲེང་ལུང་གྲོས་ཚོགས་ལ་ཞུགས་ཡོད།
གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་སྐོང་འཚོགས་བྱས་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་འགའ་ཤས། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།