ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།
སྤེལ་དུས 2026-09-23
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་9ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་23ཉིན་ནས་ཚེས་25ཉིན་བར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་23ཉིན་ནས་ཚེས་25ཉིན་བར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་ཞིང་། ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ད་ཐེངས་ཀྱི་འཚམས་འདྲིའི་གཙོ་གནད་བཀོད་སྒྲིག་དང་དེ་བཞིན་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་ངོ་སྤྲོད་བྱས་པ་རེད།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུ་ཡིས་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། གཙོ་བདག་གི་ཕྱི་འབྲེལ་གྱིས་ཀྲུང་ཨའི་འབྲེལ་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་ལྡན་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་ཕྱེད་ནང་ཕན་ཚུན་འཚམས་འདྲི་གནང་རེས་མངོན་འགྱུར་བྱུང་བ་དེར་ལོ་རྒྱུས་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མི་མཐུན་པའི་འགལ་བར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།