ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པོ་ཚི་ཝ་ནའི་ཙུང་ཐུང་པོ་ཁོའོ་དང་གྲོས་མོལ་གནང་བ།

སྤེལ་དུས 2026-10-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།


འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པོ་ཁོའོ་དང་སྐུ་ཟླ་ཁཱ་ཨའོ་ནེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

             ཟླ་10ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་པོ་ཚི་ཝ་ནའི་ཙུང་ཐུང་པོ་ཁོའོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

             ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གོང་མའི་ལོ་རབས་70པར། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་མ་བཙུགས་གོང་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོ་གསར་པའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱ་རྒྱུར་པོ་ཚི་ཝ་ན་ཕྱོགས་ཀྱིས་འདེམས་ཤོག་འཕངས་ནས་རྒྱབ་སྐྱོར་བྱས་ཡོད། ད་ཆ་ཕྱོགས་གཉིས་པོས་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུར་མཉམ་དུ་མདུན་སྐྱོད་བྱས་ཏེ་ཀྲུང་པོའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད། ཀྲུང་པོའི་མཛའ་གྲོགས་ནི་རྡོ་རྗེ་ཕ་ལམ་ལྟར་འོད་མདངས་བཀྲ་ཞིང་ཡུན་དུ་གནས་པར་བྱེད་དགོས། ཕྱོགས་གཉིས་པོས་གཅིག་རམ་གཅིག་འདེགས་ཀྱི“བརྒྱུད་མྱོང་བའི་ལམ་བུ”བློ་ལ་བརྟན་པོར་ངེས་པ་དང་། དུས་རབས་གསར་པའི་ཀྲུང་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི“ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ”དུ་ཡག་པོ་བསྐྱོད་དེ་འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་སེམས་གཅིག་ཏུ་མཐུན་ན་གཞི་ནས་ལམ་བུ་གཅིག་ཏུ་བགྲོད་ཐུབ། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན་ལ། པོ་ཚི་ཝ་ནར་རང་བཙན་ཐོབ་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་རེད། རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཏང་གིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་འདུ་ཤེས་མཉམ་འདྲེས་ཟབ་ཏུ་གཏོང་དགོས། པོ་ཚི་ཝ་ན་ཕྱོགས་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྒྲོམ་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་མེད་པར་བཟོས་པ་ལས་བྱུང་བའི་གོ་སྐབས་གསར་པ་ཡག་པོ་སྤྱོད་དགོས། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ན་ཕྱོགས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་དང་། ཞིང་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“རིག་ལྡན་སློབ་གསོའི”རྣམ་གྲངས་ལག་ལེན་བསྟར་ཏེ་པོ་ཚི་ཝ་ན་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།

             ཞི་ཅིན་ཕིང་གིས་ཀྲུང་པོ་དང་ཀྲུང་ཧྥེའི་གཏེར་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འདོད་ཚུལ་ཁག་4བཏོན་གནང་བ་སྟེ། གཅིག་ནི་ཨ་ཧྥེ་རི་ཁའི་ཐོན་ཁུངས་ཨ་ཧྥེ་རི་ཁར་བདག་པའི་མཉམ་ལས་ཀྱི་སྔོན་འགྲོའི་ཆ་རྐྱེན་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོས་རང་ངོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱལ་བབ་དང་མཐུན་པའི་གཏེར་ལས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རོགས་བྱེད་འདོད་ཡོད། གཉིས་ནི་བདེན་ཁེ་གཉིས་ལྡན་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་གཉེར་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་ལྕག་བཏང་ནས་ཨ་ཧྥེ་རི་ཁའི་དོན་དངོས་དང་མཐུན་པའི་ལྗང་མདོག་ལག་རྩལ་སྤོ་སྒྱུར་བྱས་ཏེ་གཏེར་ལས་འཕེལ་རྒྱས་ཀྱི་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་གཏེར་ལས་མཉམ་ལས་དེ་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་མུ་མཐུད་བཏང་ནས་ཁུར་པོ་འཁུར་ཆོག་པ་དང་རྒྱུན་མཐུད་ཆོག་པའི་གསར་གཏོད་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཆུ་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱ་རྒྱུ་ཡིན། བཞི་ནི་དྲང་གཞག་སྒོ་དབྱེའི་མཉམ་ལས་ཁོར་ཡུག་མཐའ་འཁྱོངས་བྱེད་དགོས་ཤིང་། ཨ་ཧྥེ་རི་ཁའི་ཐོན་ཁུངས་དེ་ས་འབྲེལ་ཆབ་སྲིད་ཀྱི་འཐབ་རྩོད་ལག་ཆར་འགྱུར་མི་རུང་། ཕྱོགས་ཁག་གིས་ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་བར་ཁ་ཞེ་གཉིས་མེད་ངང་རོགས་སྐྱོར་བྱེད་པ་ཀྲུང་གོ་ཕྱོགས་ནས་མཐོང་འདོད་ཡོད་ལ། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་ལ་དེ་བས་འཚམ་པའི་མཐུན་རྐྱེན་སྐྲུན་འདོད་ཀྱང་ཡོད།

             པོ་ཁོའོ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་ལ་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་པོ་ཚི་ཝ་ན་ཕྱོགས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་འཛིན་རིན་ཡོད། པོ་ཚི་ཝ་ན་ཕྱོགས་ཀྱིས་ཀྲུང་གོ་དང་བཙུགས་པའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལྐོག་གཡོར་ངོ་རྒོལ། ཕྱོགས་གཏོགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། དུས་ཡུན་རིང་པོར་ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ནའི་རྒྱལ་ཁབ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་པོ་ཚི་ཝ་ན་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་ཡང་རྒྱག་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པོ་ཚི་ཝ་ནར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”དང་། བཟོ་ལས། ཞིང་ལས། གཏེར་ལས། གསར་གཏོད། གྲངས་འཛིན་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་ཀྱང་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་འགྲན་སློང་ཆེན་པོ་འཕྲད་པའི་སྐབས་སུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་གནང་བ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་རྒྱུར་ཕན་ཐོགས་ཡོད། པོ་ཚི་ཝ་ན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཧྥེ་ཀྲུང་གི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་བསྟུན་མཁས་དང་དེ་བས་མཚོན་བྱེད་རང་བཞིན་ལྡན་པར་བྱེད་འདོད་ཡོད།

             གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ལྗང་མདོག་གཏེར་ཁ། འཕྲོད་བསྟེན་བདེ་ཐང་། མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།

             འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པོ་ཚི་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

             གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པོ་ཁོའོ་དང་སྐུ་ཟླ་ཁཱ་ཨའོ་ནེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

             པོ་ཁོའོ་དེ་གར་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་པོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་པོ་ཁོའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།

             དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པོ་ཁོའོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

             ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།