ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ཁག་སེམས་ལ་འཇོག་པ་དང་། ལག་ཏུ་བཟུང་བ། ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲད་པའི་གནད་དོན་དག་ཐེར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས།
ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ལྟ་བཤེར་གྱིས་ལན་སྤྲད་པའི་གནད་དོན་ཁག་ལ་དག་ཐེར་གྱི་རྩིས་ཁྲ་བཟོས་ཏེ་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། གདུབ་ཟུམ་རྣམ་པའི་ཐོ་སུབ་བཅས་བྱེད་པ་དང་། རྗེས་སྙེག་སྒྲུབ་སྐུལ་ལ་ཤུགས་སྣོན་རྒྱག་པ། དག་ཐེར་རྫུས་མ་དང་། ཡིག་ཐོག་དག་ཐེར། བབ་བསྟུན་དག་ཐེར་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། དུས་བཀག་ནང་དག་ཐེར་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་གནད་དོན་དག་ཐེར་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་གཏོང་བར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ། གངས་རི་འཁྱགས་རོམ་དང་། འཁྱགས་ས་འདམ་ར། མཚོ་མཚེའུ་གཙང་པོ། ནགས་ཚལ་རྩྭ་ཐང་། བྱེ་ས་ཐང་རྒོད་སོགས་སྐྱེ་ཁམས་ཀྱི་གཙོ་རྒྱུ་ཡོངས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་ཀྱི་མཐའ་ཚད་ནན་པོ་སྲུང་བར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་སྲུང་བ། སྐྱེ་ཁམས་ཁོར་ཡུག་ལ་ཁུལ་ཁོངས་དབྱེ་ནས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། སྐྱེ་ཁམས་ཀྱི་གཅུན་སྡོམ་དེ་རྣམ་གྲངས་ཇུས་འགོད་དང་། ཞིབ་བཤེར་མཆན་འགོད། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་ཐེག་ནུས་ལ་སྤྱི་འདོམས་བྱེད་པ། ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་པ། གཙང་པོ་དང་མཚོའི་ཆུ་གཟུགས་དང་། སྙིགས་རོ། རང་བྱུང་སྲུང་སྐྱོང་ཁུལ་སོགས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་ཀྱི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས། སྐྱེ་ཁམས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱས་ནས་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་གཏིང་ཟབ་འཚོལ་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ལྟ་འདོམས་ཁྲིམས་སྒྱུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྐྱེ་ཁམས་བདག་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་གཏོགས་ཁོངས་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་གཏོང་བ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ཀྱི་ལག་ཆ་ཡག་པོ་སྤྱོད་པ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
རྩོམ་སྒྲིག་པ། རིག་གྲོལ།