ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་16ཉིན་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ལྗང་མདོག་གོང་འཕེལ་ནི་སྤུས་མཐོའི་འཕེལ་རྒྱས་ལ་ཚང་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།
ཚེས་16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཀྲུང་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པའོ་ཀང་གི་ཕེབས་རོགས་འོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད།
ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁྲ་ཧའར་ཡིའུ་དབྱི་ཆན་ཆི་རུ་གནས་པའི་ཧོང་ཆི་ཧའེ་ནི་སྐམ་སའི་དབུས་ཁུལ་གྱི་ནང་རྒྱུག་རྣམ་པའི་མཚེའུ་ཞིག་ཡིན་པ་དང་། གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་སྐབས་ཤིག་རིང་མཚེའུ་དེ་སྐམ་གྲབས་བྱས་ཡོད། ལོ་མང་རིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། ཆུ་ཁོངས་ཀྱི་རྒྱ་ཁྱོན་རིམ་བཞིན་སླར་གསོ་དང་རྒྱ་བསྐྱེད་པ་རེད། ཞི་ཅིན་ཕིང་ཧོང་ཆི་ཧའེ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས། ནང་སོག་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ས་གནས་དེ་གར་ཧོང་ཆི་ཧའེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་མ་ལག་སླར་གསོ་སོགས་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པ་དང་འབྲེལ་ཆུ་ངོགས་གྲམ་ཐང་གི་སྐྱེ་ཁམས་དང་འཚོ་སྡོད་བྱ་རིགས་སོགས་ལ་ལྟ་ཞིབ་གནང་བ་རེད། ཁོང་གིས་འདམ་ར་སྲུང་སྐྱོང་གི་གཙོ་གནད་ནི་གདོད་མའི་འབྱུང་ཁམས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱེད་པ་དང་། འདམ་ར་སྲུང་སྐྱོང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། ཉམས་ཞན་དུ་སོང་བའི་འདམ་རའི་སྐྱེ་ཁམས་མ་ལག་ལ་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་ཀྱིས་ཐེ་གཏོགས་བྱེད་པ་ཕལ་བར་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་སླར་གསོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཝུའུ་ལན་ཁྲ་པུའུ་ཡི་རླུང་གློག་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཉེ་བའི་ལོ་ཤས་རིང་ལྗང་གློག་དང་། གནམ་གཤིས། ས་བབ་སོགས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་པས་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཞི་ཅིན་ཕིང་ཁྲ་ཧའར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ཕེབས་ཏེ་འགྲེམས་སྟོན་ཁང་དུ་ནང་སོག་རང་སྐྱོང་ལྗོངས་ཀྱིས་“ཤར་གྲངས་ནུབ་རྩིས་”ལས་གྲྭའི་ལྟེ་གནས་འཛུགས་སྐྲུན་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས་“ཤར་གྲངས་ནུབ་རྩིས་”ཀྱི་ལས་གྲྭ་ལག་བསྟར་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བ་འཛུགས་རྒྱུ་དེ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚན་རིག་དང་མཐུན་པའི་འཆར་འགོད་དང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར། བདེ་འཇགས་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས། བསྐྲུན་ཟིན་པའི་རྣམ་གྲངས་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་པ་དང་འབྲེལ་རྗེས་མཐུད་རྣམ་གྲངས་དུས་བཀག་ལྟར་བསྐྲུན་ཚར་བ་བྱེད་དགོས། ཐོན་ལས་སྦྲེལ་ཐག་སྣུར་སྲིང་ཧུར་ཐག་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་རྩིས་ཤུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་དགོས་ཞེས་བསྟན་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་གིས་ཡུལ་དངོས་སུ་ཡོད་པའི་འབྲེལ་ཡོད་རྩིས་ཤུགས་ལྟེ་གནས་རྣམ་གྲངས་ཀྱི་འགན་འཁུར་མི་སྣ་དང་ལག་རྩལ་མི་སྣ། ཁྲ་ཧའར་མཐོ་གསར་ཁུལ་གྱི་ལས་དོན་མི་སྣ་སོགས་དང་མཛའ་བརྩེའི་བཀའ་མོལ་གནང་ཡོད། ཁོང་གིས། རྩིས་ཤུགས་དྲ་བ་ནི་རྒྱལ་ཁབ་འཆར་འགོད་འཛུགས་སྐྲུན་གྱི་“དྲ་བ་དྲུག”གི་གྲས་ཤིག་ཡིན་པ་དང་། རྩིས་ཤུགས་ཐོན་ལས་དེ་གོང་འཕེལ་མགྱོགས་པོ་འགྲོ་བའི་དུས་རིམ་དུ་གནས་ཡོད་ཅིང་། མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། ཚང་མས་ལས་ཕྱོད་མཐོ་བ་དང་ལྗང་མདོག བདེ་འཇགས་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “རྩིས་གློག་མཐུན་སྦྱོར་”དང་“རྩིས་ཆུ་མཐུན་སྦྱོར་”ལ་མཐོང་ཆེན་གྱིས་རྩིས་ཤུགས་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་དང་འཁོར་སྐྱོད་ཡག་པོ་བྱེད་པ་དང་། ལྗང་མདོག་རྩིས་ཤུགས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས་མཐོ་གསར་ཁུལ་གྱིས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ཁག་གི་སྤྱི་པའི་ཞབས་ཞུ་ལེགས་འགྱུར་དང་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱས་ཏེ། ཁེ་ལས་དང་རིགས་ཁག་གི་ཤེས་ལྡན་མི་སྣས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ལ་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཞི་ཅིན་ཕིང་གིས་ད་དུང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལ་གཟིགས་གནང་བ་དང་། སྣ་རིགས་གཙོ་བོ་དང་རྒྱུ་སྤུས་ཀྱི་ཁྱད་ཆོས་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ས་གནས་དེ་གས་ཐོན་སྐྱེད་དང་བྲིན་འཚོང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཞིང་འབྲོག་པ་འབབ་འཕར་ཡོང་བ་དང་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུར་སྐུལ་ལྕག་གནང་ཡོད།
རྟོག་ཞིབ་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་གིས། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ལ་ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་ས་ཆའི་ཐོན་ཁུངས་ལ་རང་སོའི་ཁྱད་ཆོས་ཆེན་པོ་ལྡན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ས་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་དང་འཆར་འགོད་བཀོད་སྒྲིག་གཞིར་བཟུང་ནས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། དུས་རབས་འཕེལ་ཕྱོགས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་པ། རང་ངོས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་བཟང་ཆ་འདོན་སྤེལ་བྱེད་པ་བཅས་ཀྱིས། ཡུལ་བབ་དང་བསྟུན་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཧོ་ལི་ཧྥེང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།