(2026ལོའི་ཟླ་10ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་
གྲོས་འཆམ་བྱུང་བ།)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་2026ལོའི་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་162དང་། ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་117ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་དང་རིག་གནས་པ་འགའ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་བྱས་ཡོད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུར་ཉན་པ་དང་དེར་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》ཞེས་པར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་《གྲོས་ཆོད།(གྲོས་བསྡུར་མ་ཟིན།)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚང་མས་ངོས་འཛིན་བྱས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཐོག བརྟན་ཐོག་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཕིགས། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ནས། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་བསམ་བློ་རིག་གནས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དམངས་འཚོ་འགན་སྲུང་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་ཝན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་མཇུག་ལེགས་པར་བསྡུ་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་ཡོད་པ་དང་། ཡང་དག་པའི་ཆབ་སྲིད་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་ལས་ལྷག་པའི་སྒོ་ནས་གཅིག་སྡུད་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ལོ་100ལྷག་ཙམ་རིང་གི་འབད་འཐབ་འཕེལ་རིམ་ལ་ཕྱིར་དྲན་བྱས་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་ནི། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡིད་ལ་འཆང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཇི་སྲིད་བར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་ནས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལོ་རྒྱུས་ཀྱི་དུས་མཚམས་ཁག་ཚང་མའི་ནང་ཏང་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུར་མཐོང་ཆེན་པོ་བྱས་ཤིང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བྱས་པ། རང་ངོས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཟམ་མི་ཆད་པར་སྟོབས་ཆེ་རུ་ཕྱིན་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་གྱུར་བའི་རྐྱེན་གྱིས་ཡིན། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ཁྲོད་སྔ་ཕྱིར་ཏང་འཛུགས་སྐྱོང་དེ་ལས་གཞི་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ་གསར་པར་བརྩིས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེར་སྐུལ་འདེད་གཏིང་ཟབ་བཏང་བས། “མི་དམངས་ནས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་པ”ཞེས་པ་དང་། “རང་ངོས་གསར་བརྗེ་”ཞེས་པ་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་རྙེད་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དམིགས་སུ་བཏོད་པ་ཞིག་ཡིན་ཞིང་། གང་འདི་མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་སྐྱོང་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། ཚང་མས་ངོས་འཛིན་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཧ་ཅང་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཧ་ཅང་ཆེན་པོར་བརྟེན་ནས། སྐབས་ཤིག་རིང་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། མིང་ཙམ་དུ་འགྱུར་བ། ནུས་མེད་དུ་འགྱུར་བ་བཅས་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ནན་པོ་དང་། གནད་ལ་འཁེལ་པོ། ནུས་ལྡན་བཅས་མ་བྱུང་བ་དང་། ཏང་ནང་ཁུལ་གྱི་གནད་དོན་ཁག་གཅིག་མཐོང་བ་ཙམ་གྱིས་མི་རྣམས་ཧང་སངས་བར་གྱུར་བ་བཅས་ཀྱི་ཛ་དྲག་པའི་དོན་དངོས་ལ་ཐད་ཀར་གདོང་གཏད་ཐོག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། གྲི་ཁ་ནང་གཏད། ཁྲིམས་ནན་ཟིང་བཅོས། གནད་དོན་མངོན་གསལ་དོད་པོ་རྒྱུན་མཐུད་ངང་ཐག་གཅོད་བཅས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཁྲོད་ལྷག་པའི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བ་དང་། དུས་ཡུན་རིང་པོར་འགོག་མི་ཐུབ་པའི་སྤྱོད་ཚུལ་ངན་པ་འགའ་ཞིག་བཀག་པ། ལོ་མང་རིང་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་ཚབས་ཆེན་ཁག་གཅིག་ཡོ་བསྲང་བཅོས་སྒྲིག་བྱས་པ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་སེལ་བ་བཅས་བྱས་པས། རང་རེའི་ཏང་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་བས་སྟོབས་ཆེ་དང་ནུས་ལྡན་དུ་གྱུར་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ཆེར་འགྱུར་བར་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་དེ་ཐོབ་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་རྒྱུའི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ལ་དམིགས་ནས། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གྲུབ་ཡོད། དགོངས་པ་འདིས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད་པ་དང་། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ཀྱི་སྙིང་བཅུད་ཡིན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་བཅས་ཡིན་པས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་སྟོན་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་མཐུན་རྐྱེན་མང་པོ་འཛོམས་ཡོད་ལ། དུས་མཚུངས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཡང་མི་ཉུང་བ་ཞིག་འཕྲད་ཡོད། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་པ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་པ། ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། དེ་དག་གིས་དུས་བབ་གསར་པའི་འོག་ཏང་གི་སྲིད་འཛིན་ནུས་པ་དང་། འགོ་ཁྲིད་ཀྱི་ཆུ་ཚད། དཔུང་ཁག་གི་བྱང་ཚད། རུལ་འགོག་འགྱུར་ཟོན་བཅས་ལ་འགྲན་སློང་ཆེན་པོ་བཟོས་ཡོད་པ་དང་། ཏང་གི་མདུན་དུ་ལྷག་པའི“ཚོད་བགམ་ཆེན་པོ་བཞི”དང་“ཉེན་ཁ་བཞི”ནི་ཡུན་རིང་བ་དང་། རྙོག་འཛིང་ཆེ་བ། ཛ་དྲག་ཆེ་བ་བཅས་རེད། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་ཡུན་རིང་སྲིད་འཛིན་གནས་བབ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སེམས་ཤུགས་བརྟན་དུ་གཏོང་བ། གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ནུས་ལྡན་ལ་བརྟེན་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཡག་པོ་བྱེད་པ་དང་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཁྲོད་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་བརྟན་དུ་གཏོང་བ་དང་གོང་འཕེལ་ཡག་པོ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར། ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་བ་བྱ་རྒྱུར་དམིགས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ། ཏང་གི་གདོང་ལེན་རུ་ཁག་གི་ངོ་བོ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱ་རྒྱུར་དམིགས་པ། ནན་པོའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱེད་པ། ཏང་གི་རང་ངོས་གཙང་འགྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ཟམ་མི་ཆད་པར་ཡོང་བ་བྱེད་པ། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་བྱེད་པ། འགྲན་རྩོད་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ལ་འགྱུར་བ་བྱ་རྒྱུར་འགན་སྲུང་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་སྟོན་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ནི། ཞབས་ཞུའི་འགན་འཁྲི་དང་ལས་འགན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།
ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད་པ་དང་། གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་པ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཚགས་དམ་པོ་འཛུགས་པ། རྒྱུན་བསྲིང་ལྷོད་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་བློ་བརྟན་འགྱུར་མེད་ངང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དམ་ནན་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། ཏང་གཤིས་ཤུགས་ཆེར་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན། ངེས་པར་དུ་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་ཆེ་རུ་བཏང་ནས། ཏང་གཤིས་བྱང་ཚད་ལ་ཞུན་བརྡར་སྤྲོད་རྒྱུ་དེ་ཚེ་གང་གི་དམིགས་ཡུལ་ལ་བརྩི་བ་དང་། ཕུགས་བསམ་དད་སེམས་བརྟན་འཛུགས་དང་། ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་པ། དམངས་ལ་བརྩེ་བ་ཟབ་མོ་འཆང་བ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་མི་གཤིས་གཙང་མ་འཛིན་སྐྱོང་བྱེད་པ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱས་ཐོག བློ་དཀར་སྤྱོད་གཙང་འགན་སེམས་དང་ལྡན་པ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སློབ་གསོར་ཤུགས་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་གཞུང་ལ་བརྟེན་ནས་བླ་སྲོག་གཏོད་པ། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཏང་གཤིས་ལ་བློ་གྲོས་བསྩལ་ནས། ལག་ལེན་ཁྲོད་ཏང་གཤིས་ལ་ཞུན་བརྡར་དང་ཏང་གཤིས་གསལ་འབྱེད་ལ་ཤུགས་སྣོན་རྒྱག་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་རྩ་བའི་སྒྲིག་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ལམ་ལུགས་ཡིན་པས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནང་གནས་ཀྱི་བླང་བྱ་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལམ་ལུགས་ཁག་ངེས་པར་དུ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། ཡང་དག་པའི་གཅིག་སྡུད་ལག་ལེན་ནུས་ལྡན་བསྟར་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་བཟང་ཆ་དང་། རྩ་འཛུགས་ཀྱི་བཟང་ཆ། ལམ་ལུགས་ཀྱི་བཟང་ཆ། ལས་ཀའི་བཟང་ཆ་བཅས་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ནང་གི་དམངས་གཙོའི་སྤུས་ཚད་ལེགས་སུ་གཏོང་བ། འགོ་ཁྲིད་ཚན་ཁག་གི་ཇུས་འགོད་གྲོས་བསྡུར་སྒྲིག་སྲོལ་ལག་བསྟར་ནན་པོ་བྱེད་པ། འགན་འཁུར་བ་གཙོ་བོའི་འགན་སྒྲུབ་དབང་ཆ་སྤྱོད་སྟངས་ཚད་ལྡན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པ་ནན་པོས་སྐྱོང་རྒྱུར་ཐུག་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ངེས་པར་དུ་ལག་ལེན་བསྟར་དགོས་པ་དང་། ལས་བྱེད་པའི་སློབ་གསོ་གསོ་སྐྱོང་དང་། འདེམས་སྒྲུག་བསྐོ་སྤྱོད། དོ་དམ་ལྟ་སྐུལ་བཅས་ནན་པོ་བཟོས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཇོན་ནུས་ཆེ་བ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་དགོས། མི་བཀོལ་སྤྱོད་ཡག་པོ་བྱེད་ཕྱོགས་རྒྱུན་འཁྱོངས་དང་། གནད་ལ་འཕིགས་ཤིང་ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་སྤྱོད་བྱེད་པ། ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་འཇོན་ནུས་ཆེ་རུ་གཏོང་བ། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྤྱོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། ལས་བྱེད་པའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་ཡག་པོ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། ཏང་གི་རིམ་ཁག་རྩ་འཛུགས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་གཟུགས་དེ་ཡིན། ངེས་པར་དུ་མ་ལག་ཅན་གྱི་སྒོ་ནས་བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་བཏང་ནས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་གོང་འོག་མཐུན་སྦྱོར་དང་གནད་འཕིགས་ནུས་ཆེ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ས་གནས་ཏང་ཨུད་ཀྱི་བྱེད་ནུས་ཤུགས་ཆེར་གཏོང་བ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་གི་རིམ་ཁག་རྩ་འཛུགས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། སྤྱོད་བཟང་སྒྲིག་ནན་ནི་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་དང་། སྤྱོད་བཟང་དང་སྒྲིག་ནན། རུལ་སུངས་ལ་ངོ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱེད་པ། སྤྱོད་ཚུལ་ལེགས་སུ་ཟམ་མི་ཆད་པར་གཏོང་བ། སྒྲིག་ཁྲིམས་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། གཟུགས་བརྙན་ཡག་པོའི་ཐོག་ནས་སེམས་ནུས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་བསྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཐོག་ནས་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་སྐུལ་ལྕག་གི་ནུས་པ་ཕྱོགས་བསྡུས་ཐོག་ནས་འདོན་སྤེལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ཐབས་ཇུས་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན། ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡོད་པ་ཕུད་རང་ཉིད་སྒེར་གྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་ཅིང་། ཏང་དང་རུལ་སུངས་ནི་མེ་དང་སྤུ་ལྟར་མཉམ་དུ་གནས་ཐབས་མེད་པ་ངེས་པར་དུ་བློ་ལ་བརྟན་པོར་ངེས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྩ་ལག་མཉམ་བཅོས་དང་མ་ལག་ཅན་གྱི་བཅོས་སྐྱོང་ལ་དེ་བས་དོ་སྣང་བྱེད་པ། ཆད་པ་ནན་པོ་གཅོད་པ་དང་། གནད་འཕིགས་བཅོས་སྒྲིག་བྱེད་པ། སྔོན་འགོག་ནུས་ལྡན་བྱེད་པ། གཞི་གཅིག་ཏུ་དམ་འཛིན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཐོག རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པར་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་པ་དང་བཅོས་སྒྲིག་བྱེད་པའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། དབང་ཆ་བེད་སྤྱོད་བྱེད་པའི་གཅུན་འདོམས་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྤྱོད་གཙང་དར་སྤེལ་དང་རུལ་སུངས་རིང་དུ་དོར་བའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ཕུགས་ཕན་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཤིག་རེད། ཏང་གི་སྒྲིག་ཁྲིམས་དེ་ཉིད་ངེས་པར་དུ་ཏང་ཡོངས་ཀྱི་རྩ་བའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་གཅིག་གྱུར་ཡག་པོ་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་ཤུགས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ལྐོག་གབ་སྒྲིག་སྲོལ་རྩ་མེད་དུ་གཏོང་ཤུགས་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པར། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས། ཏང་ཨུད་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀའི་འགོ་ཁྲིད་གཉིས་ལྡན་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཕྱོགས་ཁག་གི་ལྟ་སྐུལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དང་ནུས་ཕྱོད་ཆེ་བའི་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་གྱི་རྣོ་ངར་རལ་གྲིའི་ཟིལ་གནོན་ནུས་པ་འདོན་སྤེལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་སྟོན་བྱས་དོན། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུར་རྒྱུན་བསྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཞིག་རེད། ངེས་པར་དུ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་ཁ་ཕྱོགས་དམ་དུ་འཛིན་པ་དང་། ཕྱོགས་སོ་སོས་རང་འཁྲིའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་གྱི་དཔྱད་དཔོག་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་ཤུགས་མི་འདང་བ་དང་གནད་དོན་ཚབས་ཆེན་ཐོན་པའི་རིགས་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གནད་དོན་མངོན་གསལ་དོད་པ་དེ་དག་ཐག་གཅོད་བྱེད་པའི་ཐད་རྒྱུན་མཐུད་འབད་བརྩོན་བཅས་བྱས་ནས། 《གྲོས་ཆོད》ཀྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་སྟོན་བྱས་དོན། ལོ་འགོ་ལོ་མཇུག་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་དང་། གནད་འཕིགས། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། སྤྱི་ཁོག་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། བསྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་གསར་པ་དང་། ལེགས་པ། ཡག་པ་བཅས་ཀྱི་ཕྱོགས་སུ་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་དང་། གེགས་སེལ་དང་གནོད་སེལ་གནོད་སྐྱོབ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྐབས་བརྗེ་བ་དང་ཟུང་འབྲེལ་བྱས་ནས་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ལྷག་པར་དུ་འགན་འཁུར་བ་གཙོ་བོའི་སྲིད་སྐྱོང་བྱས་འབྲས་ལྟ་བའི་སྦྱོར་བརྡར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁོང་ཚོས་རང་འགུལ་ངང་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་ཕན་བདེ་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་བཀོད་བྱེད་པ། དམ་པ་དོན་གཉེར་བཅས་བྱས་ཐོག འབད་བརྩོན་ཆེན་པོས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་འབྲས་འདོན་པ་དང་། ལས་དོན་ངོ་མ་སྒྲུབ་ནས་སྲིད་སྐྱོང་བྱས་འབྲས་འདོན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉེར་གཅིག་པ་2027ལོའི་ལོ་སྨད་ལ་པེ་ཅིང་དུ་སྐོང་འཚོགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉེར་གཅིག་པ་ནི་རང་རེའི་ཏང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་དུས་མཚམས་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་གསར་པའི་ཐོག་སྐོང་འཚོགས་བྱ་རྒྱུའི་འཐུས་མི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད། ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ། ལག་ལེན་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་ངོས་འཛིན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲང་ཧྲེང་རྨིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་སྣོན་འདེམས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལུའུ་ཏུང་ལིའང་དང་། པའོ་ཀང་། ཞིང་ཧྲན་ཕིང་། ཆུས་ཡིང་ཕུའུ། ལུའི་ཅུན། ཀྲུའུ་ཐེན་ཧྲུའུ། ཀྲུའུ་གོ་ཞན། ལིའུ་ཅུན། ལིའུ་ཅེ། ལིའུ་ཆང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གསབ་སྣོན་བྱ་རྒྱུའི་ཐག་བཅད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་ཤེར་ཨུ་ཡོན་ལྷན་ཁང་གིས་མ་ཤིང་རུའེ་དང་། ལན་ཐེན་ལི། ལིའུ་ཅན་ཁྲའོ། ཝང་ལི་ཞ། ཅིན་ཀྲོང་ལུང་། ལེ་ཧྥན་ཕེ། དབྱི་ཧུའེ་མན། ཝང་ཞང་ཞི། སུན་ཧྲའོ་ཁྲེང་། ལི་ཡུན་ཙེ། ཧྥེ་ཏུང་པིན། ཝུའུ་ཧྲེང་ཧྭ། ཡུས་ཅན་ཧྥེང་། ཡོན་ཅེ། ཀྲང་ཀྲུང་དབྱང་། ཝུན་ཀང་། ཅིན་ཏུང་ཧན། ཧྥང་ཧུང་ཝེ་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲང་ཡིའུ་ཞ་དང་། ལིའུ་ཀྲེན་ལི། ཝང་རེན་ཧྭ། ལིའུ་ཆིན་སུང་། ཧོང་རྨིན། ལི་ཆའོ་རྨིན། ལི་ཝེ། ཀྲང་ཧུང་པིན། ཝང་ཧའེ་ཅང་། ཀྲང་ལིན། ཝང་ཕེང་། ལིའུ་ཧྥ་ཆིན། དབྱང་ཁྲེང་། ཀྲུང་ཧྲའོ་ཅུན། ཀྲའོ་ཞའོ་ཀྲེ། ཧྥང་ཡུང་ཞང་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེའི་གོང་མ་ཤིང་རུའེ་དང་། ཀྲང་ཡིའུ་ཞ། ལིའུ་ཀྲེན་ལི། ལན་ཐེན་ལི། ལིའུ་ཅན་ཁྲའོ། ཝང་ལི་ཞ། ཅིན་ཀྲོང་ལུང་། ལེ་ཧྥན་ཕེ། དབྱི་ཧུའེ་མན། ཝང་ཞང་ཞི། སུན་ཧྲའོ་ཁྲེང་། ཝང་རེན་ཧྭ། ལིའུ་ཆིང་སུང་། ཧོང་རྨིན། ལི་ཆའོ་རྨིན། ལི་ཝེ། ཀྲང་ཧུང་པིན། ཝང་ཧའེ་ཅང་། ཀྲང་ལིན། ཝང་ཕེང་། ལིའུ་ཧྥ་ཆིང་། དབྱང་ཁྲེང་། ཀྲུང་ཧྲའོ་ཅུན། ཀྲའོ་ཞའོ་ཀྲེ། ཧྥེ་ཏུང་པིན། ཝུའུ་ཧྲེང་ཧྭ། ཡུས་ཅན་ཧྥེང་། ཡོན་ཅེ། ཀྲང་ཀྲུང་དབྱང་། ཝུན་ཀང་། ཅིན་ཏུང་ཧན། ཧྥང་ཧུང་ཝེ། ཧྥང་ཡུང་ཞང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པ་དང་། ལི་ཡུན་ཙེ་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པའི་གཏན་འཁེལ་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཧུར་བརྩོན་རྒྱལ་སྐྱོང་དང་འབད་འབུངས་ཆེར་སྐྱེད། རྒྱུན་བསྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཟད་མི་ཆད་པར་གཏོད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱེད་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།