ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས། ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་ལ་ཇུས་འགོད་དང་སྐུལ་འདེད་བཏང་བས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ཏན་ཏིག་དང་ནུས་ལྡན་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
རྒྱང་ལམ་གསར་པའི་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། ལམ་ལུགས་མ་ལག་ཕྱོགས་བསྡུས་ལ་དེ་བས་སྣང་ཆེན་དང་། ལམ་ལུགས་སློབ་སྦྱོང་སློབ་གསོར་དེ་བས་སྣང་ཆེན། ལམ་ལུགས་ལག་བསྟར་ལ་དེ་བས་སྣང་ཆེན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འབྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་དེ་བས་སྣང་ཆེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱ་ཆེད་ལམ་ལུགས་ཀྱི་འགན་སྲུང་དེ་བས་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཚོགས་འདུ་ཚེས་24ནས་25ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ལྡན་པས། རྒྱང་ལམ་གསར་པའི་ཐོག་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་ཡོད།
ཚའེ་ཆི་ཡིས། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ལྟེ་བའི་དོན་གནད་ཀྱི་གྲས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་དོན་གང་ཡིན་པ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ཡོད་ཅིང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་ཅེས་བསྟན་ཡོད།
ཚའེ་ཆི་ཡིས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་འབུར་ཐོན་གྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བར་བརྟེན་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཡག་པོ་སྒྲུབ་པ་དང་། གནད་སྨིན་དང་དམ་པ་དོན་གཉེར་གྱི་ཐོག་ནས་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མ་ལག་འཐུས་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་ལ་བརྟེན་ནས་ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་འགྱུར་མེད་གཅུན་འདོམས་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།
ཧྲི་ཐའེ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀན་ཅེ་དང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ཡོད།
འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་ཡོད།
ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་ནས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གི་ཁེ་ལས་ཁག་གཅིག འབྲེལ་ཡོད་མཐོ་སློབ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།