ད་ལོ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བར་བརྒལ་དུས་མཚམས་མཇུག་འགྲིལ་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རོགས་སྐྱོར་བྱེད་འགོ་ཚུགས་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ཐོག་རོགས་སྐྱོར་བྱ་ཡུལ་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོང་འབབ་དམའ་བའི་མི་ཚོགས་དང་གོང་འཕེལ་འགྲོ་འགོར་བའི་ས་ཁུལ་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཟོ་དགོས་ཞེས་བསྟན་གནང་ཡོད།
ས་གནས་ཁག་དང་ཚན་པ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་རོགས་སྐྱོར་བྱེད་པའི་འགན་འཁྲི་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་། མ་མཐའི་ལས་འགན་བརྟན་པོར་སྲུང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གོམ་པ་བརྟན་པོ་སྤོ་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
ས་སྲོས་སུ། ཀུའེ་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིང་ཐུང་ཀྲའེ་ཤིན་ཐོན་ཀུའུ་ལུའོ་རུ། གྲོང་མི་དང་། ཡུལ་སྐོར་བ་ཚོས་མེ་གཞོང་ལ་སྐོར་ནས་གླུ་ལེན་གར་འཁྲབ་བྱེད་བཞིན་ཡོད། ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་གྱི་གཞོན་ནུ་ལུའུ་ཁུན་སུང་གིས་བདེ་ལྕག་འཁྱུག་པོས་མགྲོན་ཁང་ལ་གཙང་སྦྲ་བྱེད་ཞོར་དུ་ཡུལ་སྐོར་བས་བརྒྱབ་ཡོང་བའི་མངགས་ཐོའི་ཁ་པར་ཉན་བཞིན་ཡོད། ལུའུ་ཁུན་སུང་གི་ཁྱིམ་ནི་དེ་སྔ་ཐོ་བཀོད་བྱས་པའི་དབུལ་ཕོངས་ཐེམ་དུད་ཅིག་ཡིན་པ་དང་། གནད་སྨིན་རོགས་སྐྱོར་འོག ཁོང་གིས་མཐོ་རིམ་ལས་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཕྱིར་ལས་ཀ་བྱེད་པར་བསྐྱོད་དེ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
2025ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲའོ་ཤིང་ཐུང་ཀྲའེ་རུ་རྟོག་ཞིབ་གནང་བར་ཕེབས་སྐབས། ཚར་མར་གྲོང་གསེབ་དར་སྤེལ་སྔར་བས་ཤུགས་ཆེར་གཏོང་དགོས་པའི་སྐུལ་མ་གནང་ཡོད། ལུའུ་ཁུན་སུང་གིས་གོ་སྐབས་དམ་འཛིན་གྱིས་མགྲོན་ཁང་བཙུགས་པས། འཚོ་བ་ཡང་གང་དགའ་གང་སྐྱིད་བྱུང་ཡོད།
ལུའུ་ཁུན་སུང་གིས། ང་དང་འདྲ་བ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་གྱི་གཞོན་ནུ་མང་ནས་མང་དུ་འགྲོ་ཡི་འདུག སྲིད་ཇུས་མང་པོ་ཞིག་གི་རྒྱབ་སྐྱོར་དང་རོགས་སྐྱོར་ཡོད་པས། ང་ཚོའི་མ་འོངས་པའི་ལམ་བུ་ཁོད་ཇེ་ཡངས་སུ་འགྲོ་སྲིད་ལ། འཚོ་བ་ཡང་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་སྲིད་ཅེས་བརྗོད་ཡོད།
དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་མེད་པར་བཟོ་ཐུབ་པ་ནི་དུས་རབས་གསར་པར་རང་རྒྱལ་གྱི་ཆེས་ཚབ་མཚོན་དུ་གྱུར་བའི་གྲུབ་འབྲས་རླབས་པོ་ཆེ་ཞིག་རེད། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་ནས། ལོ་ལྔའི་བར་བརྒལ་དུས་ཚོད་བཟོས་པའི་བར་དང་། དེ་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་འགོ་ཚུགས་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་བའི་ཐད་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོ་ཁུར་གནང་བཞིན་ཡོད། 2024ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ཐོག་རོགས་སྐྱོར་བྱེད་སའི་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡོང་འབབ་དམའ་བའི་མི་འབོར་དང་གོང་འཕེལ་འགྲོ་འགོར་བའི་ས་ཁུལ་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་པ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་པའི་གནད་དོན་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དུས་ཐོག་ཏུ་ངོས་འཛིན་དང་། མི་དང་དུད་ཚང་གི་གནས་ཚུལ་དང་བསྟུན་ནས་གནད་འཕིགས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་བཞིན་ཡོད།
ད་ལོའི་ཟླ8པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བའི་ལས་དོན་སྤེལ་ཚུལ་སྙན་ཞུ་ཕུལ་ཡོད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་མའེ་ཨེར་ཏན·མུའུ་ཀའེ་ཐི་ཡིས་སྙན་སྒྲོན་གནང་སྐབས། ལོ་ལྔའི་རིང་རྒྱུན་མཐུད་རོགས་སྐྱོར་བྱས་པ་བརྒྱུད། དབུལ་གྲོལ་རྫོང་གི་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2020ལོའི་སྒོར12588ནས2025ལོའི་སྒོར18627བར་མང་དུ་ཕྱིན་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་། དབུལ་གྲོལ་ས་ཁུལ་དང་ས་ཁུལ་གཞན་དག་བར་གྱི་གོང་འཕེལ་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད་ཅེས་བསྟན་ཡོད།
ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་། ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར། གྲོང་ཚོར་བཅའ་སྡོད་རོགས་སྐྱོར། སྤྱི་ཚོགས་ཀྱི་རོགས་སྐྱོར་བཅས་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རོགས་ལས་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རོགས་ལས་བྱེད་སྟངས་ལེགས་སུ་གཏོང་བ། རོགས་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀན་སུའུ་རུ། ལན་ཀྲོའུ་དེང་རབས་ལས་རིགས་སློབ་གླིང་གིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཀྱི་ཐེན་ཅིན་དང་ཀན་སུའུ་ཡི་མི་མེད་གནམ་གྲུའི་ཁ་ལོ་བའི་རྣམ་གྲངས་ལ་བརྟེན་ནས་མི་མེད་གནམ་གྲུའི་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཀྱི་དངོས་སྦྱོང་ལྟེ་གནས་བསྐྲུན་ཏེ། གསོ་སྦྱོང་དང་། ལག་ཁྱེར་ལེན་པ། ལས་ཞུགས་བཅས་ཀྱི་འབྲེལ་ཐག་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་བྱས་ཡོད། སློབ་གྲྭ་ཐོན་རྗེས། སློབ་མ་རྣམས་ཐེན་ཅིན་གྱི་ཁེ་ལས་ནང་གནས་གཏན་འཁེལ་གྱི་ལས་ཞུགས་བྱེད་ཆོག་གི་ཡོད། ལན་ཀྲོའུ་དེང་རབས་ལས་རིགས་སློབ་གླིང་གི་མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ་ཆེད་ལས་ཀྱི་སློབ་མ་ལུའོ་ཅིན་ཞོན་གྱིས། རྒན་ལགས་དང་མཉམ་དུ་གོ་རིམ་ལྡན་པའི་སྒོ་ནས་སྦྱོང་བརྡར་བྱས་པ་མ་ཟད། རྩལ་ནུས་འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཡང་ཐོབ་བྱུང་། “ཐེན་ཅིན་དང་ཀན་སུའུ”ཡི་རོགས་ལས་ཀྱིས་བཙུགས་པའི་དངོས་སྦྱོང་ལས་སྟེགས་བརྒྱུད་ང་ཚོར་གཞི་ནས་མི་མེད་གནམ་གྲུ་དངོས་སྤྱོད་དང་འགྲན་བསྡུར་ནང་ཞུགས་པའི་སྦྱོང་བརྡར་གྱི་གོ་སྐབས་མང་པོ་ཐོབ་བྱུང་། ལག་རྩལ་ཡག་པོ་སྦྱོང་ཐུབ་ན་སླད་ཕ་ཡུལ་དུ་བསྡད་ནས་ལས་ཞུགས་བྱེད་ནའང་འདྲ་ཡང་ན་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་ནའང་འདྲ། རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བརྗོད་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་མཚམས་གསར་པར་སླེབས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལམ་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་རྒྱུའི་ཡིག་ཆ་བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཆ་སྦྱོར་སྲིད་ཇུས་ཡིག་ཆ23བཏོན་ཞིང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་ཡོད། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་རོགས་སྐྱོར། དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་གསར་སྤེལ་ཅན་གྱི་རོགས་སྐྱོར་བཅས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད།
མིག་སྔར། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་། སྲིད་ཇུས་མ་ལག ལས་ཀའི་ལམ་སྲོལ་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། རྒྱལ་ཡོངས་ཀྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་ཁྲི256.2ལ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་ཡོད། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཚེ། ཞིང་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་ངེས་རེད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཀྲང་ཀྲུའུ་ཡིས། ང་ཚོས་མུ་མཐུད་རིམ་ལྔའི་ཧྲུའུ་ཅིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འགན་འཁྲི་དམ་འཛིན་ནན་པོ་བྱེད་པ་དང་། བར་བརྒལ་དུས་མཚམས་ཀྱི་སྤྱོད་གོ་ཆོད་པའི་ལམ་སྲོལ་དང་བྱེད་ཐབས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་མ་མཐའི་མཚམས་ཐིག་ཡུན་རིང་བརྟན་པོ་སྲུང་རྒྱུ་ཡིན་ཞེས་བརྗོད་ཡོད།
རྩོམ་སྒྲིག་པ། རིག་གྲོལ།