ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག------- དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།

སྤེལ་དུས 2018-12-11 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། རྣམ་དཀར་ལྷ་མོ།

        ལྕགས་ཐར་རྒྱལ། 1963ལོའི་ས་ག་ཟླ་བར་མདོ་སྨད་ཁྲི་ཀ་སྟག་རིག་སྡེ་པར་སྐྱེས་ཤིང་། ཆུང་དུས་ནས་ཕ་མ་བཟང་པོའི་བཀའ་དྲིན་ལས་སྡེ་པའི་སློབ་ཆུང་འགྲིམས་ཏེ། 1971ནས་1976ལོའི་བར་གཙོ་བོ་རྒྱ་ཡིག་ལ་སྦྱོང་བ་ལས་བོད་ཡིག་སློབ་པའི་སྐལ་བ་མ་ཐོབ་ན་ཡང་། 1976ལོར་ཁྲི་ཀ་རྫོང་གི་མི་རིགས་སློབ་འབྲིང་དུ་འགྲིམས་པ་ནས་བོད་ཡིག་ལ་སྐོམ་པ་ཆུ་འདོད་ལྟར་སློབ་གཉེར་བྱས་ཏེ། 1979ལོར་དམའ་རིམ་སློབ་འབྲིང་མཐར་ཕྱིན་ཅིང་། ལོ་དེར་མཚོ་ལྷོ་ཁུལ་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭར་ཞུགས་པ་དང་། 1981ལོའི་ཟླ6པར་སློབ་གྲྭ་མཐར་ཕྱིན་མ་ཐག་ཏུ་སློབ་གྲྭ་དེ་གར་བོད་ཡིག་དགེ་རྒན་གྱི་བྱ་བ་གཉེར། ཨ་ཁུ་དམ་ཆོས་མཆོག་དང་། ཨ་ཁུ་བཤད་སྒྲུབ་མཆོག དགེ་རྒན་དཔལ་ཆེན་རྡོ་རྗེ་མཆོག་སོགས་ཀྱི་མདུན་དུ་དགེ་གྲོགས་དམ་པ་རྣམས་དང་ལྷན་ཅིག་ཏུ། སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ། སྙན་ངག་མེ་ལོང་།

སློབ་ཁྲིད་སྐབས་ཀྱི་འདྲ་པར། 
        མི་ཕམ་མཁས་འཇུག གསོ་རིག་རྒྱུད་བཞི། ཤེལ་གོང་ཤེལ་ཕྲེང་། གསོ་རིག་ཟིན་ཏིག །སྐར་རྩིས་རིགས་ལྡན་སྙིང་ཐིག རྒྱ་རྩིས། ནང་བསྟན་གཞུང་ལུགས། གྲུབ་མཐའ། ལོ་རྒྱུས། གནའ་རབས་རྩོམ་རིག་སོགས་ལ་སྦྱངས་ཤིང་། སྔ་རྗེས་སུ་བོད་ཡིག་ཁྲིད་དཔྱོད་ཁང་དང་། སློབ་གཉེར་ཁང་གི་འགན་འཛིན་པ་གཞོན་པའི་འགན་འཁུར། 1987ལོ་ནས་1990ལོའི་བར་མཚོ་སྔོན་སློབ་གསོ་སློབ་གླིང་དུ་བོད་ཡིག་ཆེད་སྦྱོང་ཆེད་གཉེར་པ་དང་། 1995ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། ཨ་ལགས་དོར་ཞི་རིན་པོ་ཆེ་དང་། དགེ་རྒན་དཔའ་རིས་སངས་རྒྱས་མཆོག་དང་། གཉའ་གོང་དཀོན་མཆོག་ཚེ་བརྟན་མཆོག་སོགས་དགེ་རྒན་དུ་བསྟེན་ནས་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱོགས་ལ་བརྩོན་པ་དང་། 1998ལོའི་ཟླ་6པར་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་རུ་གཙོ་བོ་བོད་ཀྱི་སྐད་ཡིག་སྐོར་གྱི་སློབ་ཁྲིད་བྱས་ཤིང་། སྔ་རྗེས་སུ་བོད་ཡིག་སྡེ་ཁག་གི་འགན་འཛིན་པ་གཞོན་པ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དཔྱད་སྡུར་གཞུང་ལས་ཁང་གི་འགན་འཛིན་པ་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར། 2003ལོའི་ཟླ་གསུམ་པར་གདན་ཞུས་ལྟར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གཅིག་དང་ཕྱེད་ཀའི་རིང་ལ་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མར་བརྡ་སྤྲོད་རིག་པ་དང་། བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཚིག་རྒྱན་རིག་པ། ལོ་རྒྱུས་རིག་པ་སོགས་སློབ་ཁྲིད་བྱས་ཤིང་། 2004ལོའི་ཟླ་བདུན་པར་ཕྱིར་མཚོ་སྔོན་དུ་ལོག ། 2005ལོའི་ལོ་མཇུག་ལ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པར་བསྐོས་པ་དང་། དེའི་རྗེས་སུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཡང་གཅིག་ལྕོགས་སུ་ཁུར་ཏེ། ད་ལྟ་སློབ་གླིང་དེར་དགེ་རྒན་དང་དོ་དམ་གྱི་ལས་ཀ་ལྷན་དུ་གཉེར་བཞིན་ཡོད་ལ། དེ་སྔར་1997ལོ་ནས་2002ལོའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མིའི་འགན་འཁུར་བའི་སྐབས་སུ། ལོ་ལྔའི་རིང་ལ་སྔ་ཕྱིར་བོད་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་ལ་དམིགས་བསལ་གྱིས་རོགས་སྐྱོར་གནང་བར་ཞུ་བ་དང་། མཚོ་སྔོན་གྱི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁང་ལོགས་སུ་བཙུགས་ཏེ་ལེ་ཚན་གཏོང་ཡུན་ཇེ་རིང་ལ་གཏོང་བ་དང་། མི་རིགས་གྲངས་ཉུང་ས་ཁུལ་གྱི་གཞུང་ཞབས་པ་བསྡུ་སྐབས་མི་རིགས་གྲངས་ཉུང་གི་སྐད་ཡིག་གི་རྒྱུགས་ཡིག་དགོས་གལ་ཆེ་ཚུལ་དང་།
        མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་དང་། མི་རིགས་སློབ་གསོའི་སྲོལ་ཡིག་གཏན་འབེབས་བྱ་དགོས་ཚུལ་སོགས་ཀྱི་གྲོས་འཆར་གལ་ཆེན་དུ་མ་བཏོན་པ་ལ་གོང་རིམ་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ། གྲོས་འཆར་ཁག་ཅིག་རེ་སྨོན་བཞིན་གྲུབ་ཅིང་། 1989ལོར་དེ་སྔའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་སློབ་གཉེར་ཁང་གི་ལས་དཔོན་གྱི་འགན་ཁུར་བ་ནས་ད་ལྟ་ལ་ཐུག་གི་བར་དུ་སློབ་གྲྭའི་དོ་དམ་དང་། བསླབ་ཚན་གསར་འཛུགས། སློབ་ཁྲིད་བཅོས་སྒྱུར། སློབ་མ་སྡུད་ལེན། སློབ་མའི་ལས་ཞུགས་བཅས་ལ་ཤུགས་བསྐྱེད་པ་དང་མཉམ་དུ། 《ཀྲུང་གོའི་བོད་རིག་པ།》དུས་དེབ་ཀྱིས་གཙོས་པའི་དུས་དེབ་དག་ཏུ་དཔྱད་རྩོམ་50ལྷག་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་20ལྷག་ལ་ཞུགས་པར་མ་ཟད། སྔ་ཕྱིར་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། དབུས་གཙང་བཅས་ཀྱི་ས་གནས་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་བ་དང་། ཀིརྟི་དགོན་ལག་བཞི་སོགས་ཡུལ་ཁམས་རིས་མེད་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་། སུམ་ཅུ་པ། རྟགས་འཇུག མིང་བརྡ་རིག་པ། བོད་སྐད་ཀྱི་རིག་གནས་བསྟན་དོན། བོད་ཡིག་འཁྲིད་ཐབས་སྐོར་གྱི་སློབ་ཁྲིད་ལན་གྲངས་90ཡན་སྤེལ་ཅིང་། སློབ་ཁྲིད་ལ་ཞུགས་པའི་དགེ་རྒན་དང་གྲྭ་བཙུན་ཁྲི་ཕྲག་བརྒལ་བར་བྱུང་ལ། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་། རྫོང་།
        ཡུལ་ཚོ། སློབ་གྲྭ་སོགས་སུ་ཕྱིན་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་། སློབ་མའི་སློབ་སྦྱོང་། ཁྱིམ་བདག་གི་འགན་འཁྲི་སྐོར་གྱི་འཆད་ཁྲིད་ལན་མང་སྤེལ་ཅིང་། ལྷག་པར་བོད་ཀྱི་སྐད་ཆ་དང་ཡི་གེ་རིག་པའི་ཆེད་ལས་ཀྱི་རིག་ཚན་གསར་འཛུགས་ལ་དམིགས་ཏེ། 2007ལོར་བོད་ཀྱི་སྐད་ཆ་དང་ཡི་གེ་རིག་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭ་བཙུགས་ཏེ། བོད་ཀྱི་སྐད་ཆའི་ལོ་རྒྱུས་དང་།
བོད་ཀྱི་ཡི་གེ་རིག་པ། བོད་སྐད་ཀྱི་རིག་གནས་བསྟན་དོན་སོགས་སྔ་ན་མེད་པའི་རིག་པ་གསར་པ་འགའ་ཞིག་ཚུགས་ཅི་ཐུབ་ལ་འབད་ཅིང་། སྔ་རྗེས་སུ《སུམ་རྟགས་ཀྱི་དཀའ་གནས་ལས་བཏོན་པའི་དྲིས་ལན་གཞོན་ནུ་དགའ་བྱེད།》 དང་།《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》དང་། 《བོད་ཀྱི་སྐད་ཡིག་ལ་འཇུག་པའི་སྒོ།》སྟོད་སྨད་ཆ་དང་།《བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ།》དང་།
        《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་ལྡེའུ་མིག》དང་། 《བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལམ་ལུགས་ཀྱི་འཕེལ་འགྱུར་ལ་དཔྱད་པ་ཟླ་ཤེལ་མེ་ལོང་།》དང་།《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད།》དང་།
        《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང།》དང་། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེའུ་མིག》དང་། 《བོད་སྐད་ཀྱི་ཆུ་ཚད་འཇལ་བྱེད་ཀྱི་རྒྱུགས་ལེན་ཚད་གཞི།》 དེབ་བཞི་བཅས་ཁྱོན་བསྡོམས་བརྩམས་དེབ་14ལྷག་སྤེལ་ཅིང་། བོད་སྐད་ཀྱི་ཚིག་གི་རྣམ་གཞག་དང་། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལམ་ལུགས་ཀྱི་འཕེལ་འགྱུར་ལ་དཔྱད་པ། བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་བཅས་ཀྱིས་གཙོས་པའི་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་8ཙམ་གྱི་ལས་ལ་ཞུགས་པའི་ཁར། སློབ་མར་སློབ་ཁྲིད་བྱེད་པ་ལས་ཀ་ཀུན་གྱི་གཙོ་བོར་བཞག་སྟེ། ལོ་ཀུན་ལ་དངོས་གཞི་དང་ཞིབ་འཇུག་སློབ་མར་སློབ་ཁྲིད་ཆད་མེད་དུ་སྐྱོང་བ་དང་། བོད་ཡིག་དོན་གཉེར་པ་རྣམས་ཀྱི་སྦྱང་བརྩོན་གྱི་འདུན་པ་ཆེར་བསྐྱེད་ཆེད། མ་སྐུལ་དང་བླངས་ཀྱིས་སློབ་ཁྲིད་ཡང་ཡང་བྱས་དང་བྱེད་པར་མ་ཟད། འཛམ་གླིང་སྤྱི་ལུགས་དང་མཐུན་པའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་འཆར་བཀོད་ཀྱི་མ་ལག་ཆ་ཚང་ལེགས་པར་གྲུབ་སྟེ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གདེང་འཇོག་མཐོན་པོ་ཐོབ་པ་དང་། བོད་རྒྱ་སྐད་གཉིས་དགེ་རྒན་གྱི་ནུས་ཚད་ཚད་གཞིའི་མ་ལག་ཆ་ཚང་ཞིག་ཀྱང་བཟོ་མུར། བོད་ཡིག་གི་སློབ་དེབ་ཚད་ལྡན་དེབ་བཞིའི་བདག་ཉིད་ཅན་ཞིག་སྒྲིག་པ་ལ་འབད་པ་བྱེད་བཞིན་གདའ་འོ།།

བོད་ཀྱི་ས་གནས་སུ་སློབ་གསོའི་བྱ་བར་བརྟག་དཔྱད་བྱེད་སྐབས་ཀྱི་འདྲ་པར། 
        དེ་བས། 1989ལོར་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཚན་རྩལ་ན་གཞོན་དཔེ་ལེགས་ཅན་དང་།
        1991ལོར་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་ལས་བྱེད་པ་ཕུལ་བྱུང་ཅན་དང་། 1995ལོར་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་བ་དང་།
        2014ལོར་རྒྱལ་ཡོངས་དགེ་འོས་སློབ་གྲྭ་ཆེན་མོའི་སྤྱོད་བཟང་དགེ་རྒན་དཔེ་ལེགས་ཅན་བཅས་ཀྱིས་མཚོན་པའི་སློབ་གྲྭ་དང་། ས་གནས། ཞིང་ཆེན། རྒྱལ་ཁབ་རིམ་པའི་སྔོན་ཐོན་དཔེ་ལེགས་ཀྱི་བྱ་དགའ་མང་པོ་ཐོབ་ཅིང་། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》ལ་ཀན་སུའུ་ཞིང་ཆེན་གྱི་སྐབས་བཞི་པའི་ཕུལ་བྱུང་དཔེ་དེབ་དང་། 《བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ།》ལ་མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཨང་གཉིས་པ་དང་། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་ལྡེའུ་མིག》ལ་ཨང་གསུམ་པ་དང་། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང།》ལ་ཨང་གཉིས་པ་བཅས་ཞིང་ཆེན་རིམ་པའི་བྱ་དགའ་མཐོ་ཤོས་དག་ཐོབ་པར་མ་ཟད། བརྩམས་དེབ་འདི་རིགས་ཉེ་བའི་ལོ་ཟླའི་ནང་གི་ཆེས་བྲིན་པའི་བོད་ཡིག་དཔེ་དེབ་བཟང་གྲས་སུ་གྱུར་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དགའ་བསུ་ཆེན་པོ་ཐོབ་པ་དང་། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང།》ལ་རྒྱལ་ཡོངས་ཀྱི་སྐབས་བཞི་པའི་བོད་རིག་པའི་དཔྱད་འབྲས་དཔྱད་བསྡུར་ཁྲོད་བོད་ཡིག་རིག་གཞུང་བརྩམས་དེབ་ཕུལ་བྱུང་བ་ཨང་རིམ་དང་པོའི་བྱ་དགའ་ཐོབ་ཅིང་། བོད་སྐད་བརྡ་སྤྲོད་རིག་པའི་སྤྱི་དོན་ཞེས་པ་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་ཆེན་མོས་བརྙན་དུ་ཕབ་སྟེ། བོད་ཡིག་ཆེད་སྦྱོང་དང་དངོས་གཞི་ཆེད་ལས་ཀྱི་སློབ་མས་སྦྱང་བྱར་གཏན་ཁེལ་བྱས་པ་དང་། བོད་ཀྱི་ཡི་གེ་རིག་པའི་སྤྱི་དོན་ཞེས་པ་ཆིན་ཧྭ་སློབ་གྲྭ་ཆེན་མོའི་MOOCབསླབ་གཞིར་བདམས་ཏེ་བརྙན་དུ་ཕབ་སྟེ། བོད་སྐད་ཀྱི་ལམ་ནས་ཁྲིད་པའི་MOOCབསླབ་བྱ་དང་པོར་གྱུར། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཟུར་བཞེས་དགེ་རྒན་དང་། མཚོ་སྔོན་ནང་བསྟན་སློབ་གླིང་གི་ཟུར་བཞེས་དགེ་རྒན། མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་ལོ་རྒྱུས་དེབ་ཐེར་ཞིབ་བཤེར་གདན་ཞུས་མཁས་པ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུས་ཞིབ་འཇུག་པ། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་དཔྱད་བརྗོད་པ། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་གནད་ཆེའི་པར་སྐྲུན་ལས་གཞི་ཞིབ་བཤེར་ཆེད་མཁས་པ་བཅས་ཀྱི་འགན་ཡང་ཁུར་གནང་ཡོད་དོ། ། 

2009ལོར་ཨ་མེ་རི་ཀའི་ཝུར་ཇི་ནུ་ཡ་སློབ་གྲྭ་ཆེན་མོར་རིག་གཞུང་བགྲོ་གླེང་ཚོགས་འདུར་ཕེབས་སྐབས་བསྐྱོན་པའི་འདྲ་པར། 

མཛོད་དགེ་ཐང་སྐོར་བཅའ་སྡོད་སློབ་གྲྭ་རུ་བརྟག་དཔྱད་ལ་ཕེབས་སྐབས་སློབ་མ་རྣམས་དང་མཉམ་དུ་བསྐྱོན་པའི་འདྲ་པར།

ཁོང་ལ་རྒྱལ་ཡོངས་དགེ་འོས་སློབ་ཆེན་གྱི་སྤྱོད་བཟང་དགེ་རྒན་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ་པ།
པར་རིས་ནི་ལྕགས་ཐར་རྒྱལ་གྱིས་མཁོ་འདོན་བྱས།