ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཉིང་ཁྲིའི་མེ་ཏོག་རྫོང་དུ་སྲོག་ཆགས་འདི་འདྲ་ཞིག་གསར་དུ་རྙེད་འདུག

སྤེལ་དུས 2024-03-29 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
            བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་བརྒྱུད་ཀྱི་ས་ཁོངས་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་ཞིང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། སྐྱེ་དངོས་རིགས་སྣ་མང་ཅན་གྱི་རང་བྱུང་རྟེན་མཛོད་དམ་སྐྱེ་དངོས་ཐོན་ཁུངས་ཀྱི་བང་མཛོད་ཅེས་སྙན་པའི་གྲགས་པ་ས་ཕྱོགས་ཀུན་ལ་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་དང་ཚན་རིག་ཞིབ་འཇུག་སྡེ་ཚན་གྱིས་རོང་ཆེན་འདིར་བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད་། སྲོག་ཆགས་དང་རྩི་ཤིང་གི་རིགས་མང་པོ་ཞིག་སྔ་རྗེས་སུ་གསར་དུ་རྙེད་ཡོད། 2023ལོའི་ཟླ4པར། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། མཚོ་བོད་ས་མཐོའི་ཚན་རིག་བརྟག་དཔྱད་ཐེངས་གཉིས་པ་དང་བོད་ལྗོངས་ཀྱི་གལ་འགངས་ཆེ་བའི་ས་ཁུལ་གྱི་སྐྱེ་དངོས་ཐོན་ཁུངས་ལ་བརྟག་དཔྱད་བྱེད་རིང་། མེ་ཏོག་རྫོང་འབྲས་སྤུངས་ཞང་ནས་རི་སྐྱེས་སྲོག་ཆགས་བྱི་བ་རྔ་རིང་རྙེད་པ་དང་། དེ་ལ་དབྱེ་ཞིབ་དང་ཆེད་ལས་ཞིབ་འཇུག་གཏིང་ཟབ་བྱས་མཐར། 2024ལོའི་ཟླ3པར། ཚན་ཞིབ་མི་སྣས་སྲོག་ཆགས་དེར་འབྲས་སྤུངས་བྱི་བ་སྡེར་ཆེན་ཞེས་མིང་བཏགས་ནས་དངོས་སུ་ངོས་འཛིན་བྱས་པ་རེད།
 
 
            ཤེས་རྟོགས་བྱུང་བར་གཞིགས་ན། འབྲས་སྤུངས་ཞང་གི་བྱི་བ་སྡེར་ཆེན་ལ་དབྱིན་ཇིའི་སྐད་དུSoriculus beigensis ཞེས་འབོད་ལ། འོ་འཐུང་སྲོག་ཆགས་ཀྱི་རིགས་ཤིག་ཡིན། གཙོ་བོ་ཧི་མ་ལ་ཡའི་རི་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད་པ་དང་། འབུ་སྲིན་སོགས་སྒལ་ཚིགས་མེད་པའི་སྲོག་ཆགས་ཁ་ཟས་སུ་བྱེད། 2023ལོའི་ཟླ9པར། ཚན་ཞིབ་མི་སྣས་མེ་ཏོག་རྫོང་ཁོངས་སུ་བྱི་བ་སྡེར་ཆེན་དང་གངས་རིའི་བྱི་བ་སྡེར་ཆེན་གཉིས་གསར་དུ་རྙེད་པ་དང་། ཐེངས་འདིར་འབྲས་སྤུངས་ཞང་གི་བྱི་བ་སྡེར་ཆེན་གསར་དུ་རྙེད་པ་འདིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འོ་འཐུང་སྲོག་ཆགས་སྣ་མང་འཚོ་གནས་བྱེད་བཞིན་ཡོད་པ་དཔང་པོ་ཁུངས་སྐྱེལ་བྱས་ཡོད་པས། དེ་ལས་ས་ཁོངས་དེའི་སྐྱེ་ཁམས་སྲུང་སྐྱོབ་ལ་རིན་ཐང་གལ་ཆེན་ཡོད་པ་དང་།  སྐྱེ་དངོས་རིགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་གསལ་བཤད་བྱས་ཡོད།


རྩོམ་སྒྲིག་པ། ལྷ་འབྲུག