ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

སྣར་ཐང་དགོན་པའི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-11-30 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           སྣར་ཐང་དགོན་པ་ནི་བཀྲ་ཤིས་ལྷུན་པོ་དགོན་ནས་ས་སྐྱར་འགྲོ་སའི་རླངས་འཁོར་འགྲོ་ལམ་དེད་སྤྱི་ལེ་༡༠ ཙམ་གྱི་སྣར་ཐང་གྲོང་གི་ལྟག་ན་བཞུགས་ཤིང་།  གྲུབ་མཐའ་དགེ་ལུགས་པ་ཡིན། མཚན་རྒྱས་པར་སྣར་ཐང་གཙུག་ལག་ཁང་ཞེས་ཞུ།
           དགོན་དེ་ནི་སྤྱི་ལོ་༡༡༥༣ལོར་དགེ་བཤེས་ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ་གནང་། རི་གླང་པོའི་སྣ་ཞགས་བརྐྱངས་འདྲའི་ཐང་དུ་ཆགས་པས་སྣར་ཐང་ཞེས་པའི་མཚན་དེ་ལྟར་བྱུང་།དགོན་དེ་ནས་མཆིམས་ནམ་མཁའ་གྲགས་པ་སོགས་མཁས་པ་མང་པོ་བྱོན།
           དུས་རབས་༡༢པའི་དུས་འགོར་མཁན་པོ་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སོགས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་བསྒྱུར་བ་ཡོད་དོ་ཅོག་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་བསྒྲིགས།
           ༡༧༣༢ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ་བཀའ་འགྱུར་པོད་ ༡༠༠དང་བསྟན་འགྱུར་པོད་༢༠༠ཤིང་པར་དུ་བརྐོས། གཞན་ཡང་སྐྱེས་རབས་བརྒྱ་བ་དང་དཔག་བསམ་འཁྲི་ཤིང་དང་། རྗེ་ཙོང་ཁ་པའི་རྣམ་ཐར་ཀའི་པར་ཤིང་། ད་དུང་རྩ་ཆེའི་དཔེ་ཆ་བྲིས་མ་མང་པོ་སོགས་བཞུགས།
           སྔོན་དགོན་དེར་དབུ་རྩེ་ལྷ་ཁང་དང་། བླ་རྒྱུད་ཁང་། ཁམས་གསུམ་རྣམ་རྒྱལ་ལྷ་ཁང་། ཁྲི་ཁང་། རྒྱན་ཁང་ནུབ། རྒྱན་ཁང་བྱང་དགའ་ལྡན་ལྷ་ཁང་། བདེ་ཆེན་ཐར་པ་གླིང་སོགས་གྲྭ་ཚང་གཉིས་དང་མཆོད་ཁང་༡༣ཙམ་ཡོད།
           ཚོགས་ཆེན་ནང་རྒྱ་གར་ཤར་ལིའི་རྒྱལ་བ་བྱམས་པ་དང་། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཤིང་བརྐོས། གསེར་ཟངས་ཀྱི་ཤཱཀྱ་ཐུབ་པ། བཀའ་གདམས་མཆོད་རྟེན་ཤིང་བརྐོས་ཐོག་སོ་ཙམ་བྱས་པ་བཅས་བཞུགས།
           ཁྲི་ཁང་ཞེས་ཚོགས་ཆེན་འདུ་ཁང་ཀ་བ་༡༠༨ཀྱི་ནང་དགེ་འདུན་ཁྲི་ཁ་ཟིན་པ་ཚོགས་པ་ཡིན་སྟབས་ཁྲི་ཁང་ཞེས་དང་། རྗེས་སུ་དེར་པར་ཁང་གནང་ནས་པར་ཤིང་༡༣༠༠༠༠ཙམ་ཡོད།      
           ཐོག་མར་འདུན་ཆིག་ཁྲི་ཙམ་ནས་རྗེས་སུ་དགེ་འདུན་ཉིས་བརྒྱ་ཙམ་གྱིས་བཀྲིས་ལྷུན་པོ་དགོན་དང་འདྲ་བའི་ཕྱག་བཞེས་གནང་བ་ཡིན་ལ་བཀྲིས་ལྷུན་པོའི་མ་དགོན་ཡང་ཡིན་པ་ རེད།
           ད་ལྟ་སྔོན་གྱི་རྡོ་གཅལ་སྟེང་བསྐྱར་བཞེངས་གནང་བའི་འདུ་ཁང་ཀ་བ་༡༢ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ཕྱག་རྡོར་ལོ་བཅུ་གཉིས་བསྒྲུབས་གནང་རྗེས་ རྡོ་སྟེང་དུ་བཞག་གནང་བའི་ཞབས་རྗེས། གནས་བཅུ་ལྷ་ཁང་བསྐྱར་བཞེངས་གནང་བའི་ནང་སྔོན་གྱི་རྡོ་བརྐོས་ཀྱི་གནས་བཅུའི་སྐུ་བརྙན་སྔོན་ཁྲོན་པའི་ནང་དུ་སྦས་པ་རྣམས་བཏོན་ཏེ་བཞུགས་པ་མཇལ་རྒྱུ་ཡོད།
           ལྷ་ཁང་དེར་གསུང་སྲོལ་འདི་འདྲ་ཞིག་ཡོད་དེ། སྔོན་ཇོ་བོ་རྗེ་གནས་དེར་ཕེབས་སྐབས་ཉེ་གནས་ལ་ད་ལྟའི་གནས་བཅུ་ལྷ་ཁང་ཡོད་ས་དེར་ཅི་འདུག་ལྟོས་ཤོག་ཅེས་གསུངས་པར། ཉེ་གནས་ཀྱིས་དེར་ཕེབས་པས་རྡོ་ཕ་བོང་ཞིག་ལ་སྦྲང་སེར་བཅུ་དྲུག་བབས་ནས་ཡོད་པ་མཐོང་བས་དེ་ལྟར་ཇོ་བོ་རྗེ་ལ་ཞུས་པས་ཁྱོད་ཀྱིས་གནས་བརྟན་བཅུ་དྲུག་མཇལ་མི་འདུག གནས་དེར་གནས་བརྟན་བཅུ་དྲུག་གསོ་སྦྱོང་ཚོགས་གནང་བ་ཡིན་ཞེས་གསུངས།
           ད་ལྟ་གནས་བརྟན་ཐིམ་ས་དང་གནས་བརྟན་ལྷ་ཁང་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ་དགོན་དེའི་མཐར་ལྕགས་རི་མཐོ་ལ་ཞིང་ཆེ་བ་དང་། ཁྲི་ཁང་སོགས་ཀྱི་གྱང་གོག་པར་ཤིང་ཁ་ཐོར་༨༠༠༠ཙམ་བཅས་མཇལ་རྒྱུ་ཡོད། ཡང་དགོན་དེའི་བྱང་ངོས་སུ་བྱང་ཆེན་གངས་རི་ཞེས་པའི་དགོན་ཤུལ་མཇལ་རྒྱུ་ཡོད་ལ་རྗེ་དགེ་འདུན་གྲུབ་པས་《ཤར་གངས་རི་མ་》གསུང་སའང་གནས་དེར་ཡིན་ཞེས་གསུངས།
           ང་བརྒྱད་དང་རིག་གསར་སྐབས་གཏོར་བརླག་ཐེབས་ཤིང་ད་བསྟན་པ་ཡང་དར་གྱི་སྐབས་སུ་སླར་གསོ་བྱས།ད་ལྟ་གྲྭ་བ་ལྔ་བཅུ་ལྷག་གིས་ཆོས་སྤྱོད་བཅུ་ལ་བརྩོན་གྱིན་བཞུགས།