ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བསླེབ་ཉེར་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཉེ་སྔོན་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་བརྒྱད་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར།
ཧའེ་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་ཞིན་ཐའེ་ཡིས་དམངས་འཚོ་ལས་གྲྭར་སྐུལ་འདེད་གཏོང་བའི་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤེལ་བ་དང་། སྒྲིག་འགལ་གྱིས་ལག་རྟགས་དང་དངུལ་བླངས་ཤིང་། གཞུང་དོན་དྲང་གཞག་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན། 2021ལོ་ནས2023ལོའི་བར་ལིའུ་ཞིན་ཐའེ་ཡིས་ཧའེ་ནན་ཞིང་ཆེན་གྱི་དམངས་འཚོ་ལས་གྲྭའི་རྣམ་གྲངས་གཙོ་གནད་ལ་སྣེ་ཁྲིད་ནས་སྐུལ་འདེད་གཏོང་སྐབས། འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱ་སྣང་མེད་དུ་བཞག་ནས། ལོ་གསུམ་ནང་ཡུལ་དངོས་སུ་རྟོག་ཞིབ་ལ་ཞོར་དུ་ཐེངས་གཉིས་ཙམ་བྱས་པ་དང་། ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཡང་མ་ཟིན་པར་མ་ཟད། པར་ལེན་པར་བཀོད་སྒྲིག་བྱས་པ་རེད། ཏང་སྲིད་ལས་བྱེད་པ་དང་སྒེར་གཉེར་ཁེ་ལས་བདག་པོས་སྤྲད་པའི་ལག་རྟགས་དང་ཆང་རག རིམ་པ་མཐོ་བའི་མངགས་བཟོའི་གྱོན་ཆས་སོགས་ཀྱི་ལག་རྟགས་སྒྲིག་སྲོལ་དང་འགལ་ནས་ཐེངས་མང་བླངས་པ་དང་། སྒེར་གཉེར་ཁེ་ལས་བདག་པོས་བཀོད་སྒྲིག་བྱས་པའི་གསོལ་སྟོན་ཐེངས་མང་དང་ལེན་བྱས་ཏེ། འབྲེལ་ཡོད་གྲོན་དངུལ་ཕ་རོལ་པོས་སྤྲད་པ་རེད། ལིའུ་ཞིན་ཐའེ་ལ་ད་དུང་སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་གནས་ཡོད་པས། ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་ཕྱིར་འབུད་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དབང་གིས་སྲོག་ཁྲིམས་དང་དུས་བཀག་ལོ་གཉིས་ཕྱིར་འགྱངས་བྱེད་པའི་ཁྲིམས་ཆད་བཅད་ཡོད།
ཐེན་ཅིན་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་ཝང་ཧུང་ཧའེ་ཡིས་སྒྲིག་འགལ་གྱིས་ལག་རྟགས་དང་དངུལ་བླངས་པ་དང་། ཁྱིམ་མིར་གཞུང་དོན་དྲང་གཞག་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཡུལ་སྐོར་བྱེད་སྒོ་དང་ལེན་བྱ་རྒྱུའི་བཀོད་སྒྲིག་བྱས་ལ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་སྒྲིག་འགལ་གྱིས་གཡར་བའི་གནད་དོན། 2013ལོ་ནས2024ལོའི་བར་ཝང་ཧུང་ཧའེ་ཡིས་ཟླ་མཆོད་དུས་ཆེན་དང་དཔྱིད་གསར་དུས་ཆེན་སོགས་ཀྱི་དུས་མཚམས་སུ། ཁོངས་གཏོགས་དང་སྒེར་གཉེར་ཁེ་ལས་བདག་པོའི་ལག་རྟགས་དང་དངུལ་ཐེངས་མང་བླངས་པ་དང་། སྒེར་གཉེར་ཁེ་ལས་བདག་པོས་གདན་འདྲེན་ཞུས་པ་དང་ལེན་བྱས་ནས། ནང་མི་རྒྱལ་ཁབ་ཕྱི་ནང་གི་ས་གནས་མང་པོར་ཡུལ་སྐོར་བྱེད་པར་བཀོད་སྒྲིག་བྱས་པ་དང་འབྲེལ་ཡོད་འགྲོ་གྲོན་སྒེར་གཉེར་ཁེ་ལས་བདག་པོས་སྤྲད་ཡོད། ཡུན་རིངབོར་སྒེར་གཉེར་ཁེ་ལས་ཀྱི་རླངས་འཁོར2གཡར་ནས་རང་ཉིད་དང་ཁྱིམ་མིར་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་པ་དང་འབྲེལ་ཡོད་འགྲོ་གྲོན་སྒེར་གཉེར་ཁེ་ལས་བདག་པོས་སྤྲད་པ་རེད། ཝང་ཧུང་ཧའེ་ལ་ད་དུང་སྒྲིག་འགལ་དང་ཁྲིམས་འགལ་གྱི་་གནད་དོན་ཚབས་ཆེན་གཞན་དག་གནས་ཡོད་པས། ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་ཕྱིར་འབུད་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དབང་གིས་དུས་བཙོན་ལོ་བཅུ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཆད་བཅད།
ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་དེ་སྔའི་ཀུང་སིའི་མཁོ་མཁན་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ཀྲུའུ་ཚན་ཀྲང་གིས་གཞུང་དོན་དྲང་གཞག་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཀའོ་ཨེར་ཧྥུ་སྤོ་ལོ་རྩེད་པའི་བྱེད་སྒོ་དང་ལེན་བྱས་པ་དང་། སྒྲིག་འགལ་གྱིས་ལག་རྟགས་དང་དངུལ་བླངས་པའི་གནད་དོན། 2018ལོ་ནས2023ལོའི་བར་ཀྲུའུ་ཚན་ཀྲང་གིས་སྒྲིག་སྲོལ་དང་འགལ་ནས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་། རིམ་པ་མཐོ་བའི་ཆང་རག་འཐུང་། སྒེར་གཉེར་ཁེ་ལས་བདག་པོས་བཀོད་སྒྲིག་བྱས་པའི་ཀའོ་ཨེར་ཧྥུ་སྤོ་ལོ་རྩེད་པའི་བྱེད་སྒོ་ཐེངས་མང་དང་ལེན་བྱས་ཏེ། འབྲེལ་ཡོད་གྲོན་དངུལ་ཕ་རོལ་པོས་སྤྲད། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཀའོ་ཨེར་ཧྥུ་སྤོ་ལོ་ཁུག་མ་དང་ལག་འཁྱེར་ཁ་པར་སོགས་ཀྱི་ལག་རྟགས་ཐེངས་མང་བླངས་ཡོད། ཀྲུའུ་ཚན་ཀྲང་ལ་ད་དུང་སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་གནས་ཡོད་པས། ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་ཕྱིར་འབུད་བྱས་པ་དང་། ཉེས་གསོག་དོགས་ཡོད་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲད་ཡོད།
ཨན་ཧུའེ་ཞིང་ཆེན་བཙོན་ཁང་དོ་དམ་ཅུས་ཀྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཅུས་ཀྲང་གཞོན་པ་ཧུའུ་ཁྲའོ་ལིན་གྱིས་གཞུང་དོན་དྲང་བདེན་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་དང་། སྒྲིག་འགལ་གྱིས་ལག་རྟགས་བླངས་པའི་གནད་དོན། 2025ལོའི་ཟླ4པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བྱེད་རིང་། ཧུའུ་ཁྲའོ་ལིན་གྱིས་སྒྲིག་སྲོལ་དང་འགལ་ནས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ལེན་བྱས་པ་དང་། གསོལ་སྟོན་ཉིན་དེར་ཁོ་རང་ཚན་ཁག་གི་ལས་རེས་མགོ་ཁྲིད་ཡིན། དུས་ཆེན་རིང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་རིམ་པ་མཐོ་བའི་ཆང་རག་སོགས་ཀྱི་ལག་རྟགས་ཐེངས་མང་བླངས་ཡོད། ཧུའུ་ཁྲའོ་ལིན་ལ་ཏང་ནང་གི་ཐ་ཚིག་ཚབས་ཆེན་བཏང་བ་དང་གོ་གནས་ཕྱིར་འཐེན་གྱི་ཆད་གཅོད་བྱས།
ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཡུས་ཧྥེ་ཡུའེ་གྱིས་གཞུང་དོན་དྲང་གཞག་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་རྩ་འཛུགས་དང་། སྒྲིག་སྲོལ་དང་འགལ་ནས་སྤྱི་བའི་རླངས་འཁོར་བེད་སྤྱོད་བྱས་པའི་གནད་དོན། 2025ལོའི་ཟླ4པར་སློབ་སྦྱོང་སློབ་གསོའི་རིང་། ཡུས་ཧྥེ་ཡུའེ་ཡིས་སྔ་རྗེས་སུ་ཡུའེ་དབྱང་གྲོང་ཁྱེར་གྱི་འབྲེལ་ཡོད་གཞུང་དོན་མི་སྣར་གསོལ་སྟོན་ཐེངས་གཉིས་བཤམས་པ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་ཆང་རག་དང་བཟའ་བཅའི་གྲོན་དངུལ་མཁོ་འདོན་བྱས། སྒྲིག་སྲོལ་དང་འགལ་ནས་སྤྱི་བའི་རླངས་འཁོར་སྤྱད་དེ་གསོལ་སྟོན་ལ་ཞུགས་པ་དང་མི་སྐྱེལ་བ་རེད། ཡུས་ཧྥེ་ཡུའེ་ལ་ཏང་ནང་གི་ཐ་ཚིག་ཚབས་ཆེན་བཏང་བ་དང་གོ་གནས་ཕྱིར་འཐེན་གྱི་ཐག་གཅོད་བྱས་པ་དང་། འགན་འཁྲི་ཡོད་པའི་མི་སྣ་གཞན་དག་ལ་དེ་མཚུངས་ཀྱི་ཆད་གཅོད་བྱས།
རྒྱལ་ཁབ་ཐ་མག་ཆེད་ཚོང་ཅུས་ཅི་ལིན་ཞིང་ཆེན་ཅུས་ཐ་མག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཆུས་ཅིན་མིན་གྱིས་དོན་དངོས་ཀྱི་བརྟག་ཞིབ་ལས་འགན་མེད་པའི་མི་སྣ་རྟོག་ཞིབ་དང་བརྟག་བཤེར་ནང་ཞུགས་རྒྱུའི་བཀོད་སྒྲིག་བྱས་པ་དང་། གཞུང་དོན་དྲང་གཞག་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་མཁོ་འདོན་བྱས་པའི་གནད་དོན། ཆུས་ཅིན་མིན་གྱིས་རྒྱལ་ཁབ་ཐ་མག་ཆེད་འཚོང་ཅུས་ཅི་ལིན་ཞིང་ཆེན་སུང་ཡོན་གྲོང་ཁྱེར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་འཁུར་རིང་། 2023ལོའི་ཟླ5པ་ནས་ཟླ6པའི་བར་རུ་ཁག་ཁྲིད་ནས་ས་ཆ་གཞན་དུ་རྟོག་ཞིབ་དང་བརྟག་བཤེར་ལ་ཐེངས་གཉིས་བྱས་ཏེ། ཕྱི་རོལ་དུ་རྟོག་ཞིབ་དང་བརྟག་བཤེར་བྱེད་པའི་མི་སྣར་ཚོད་འཛིན་ནན་པོ་བྱས་མེད་པ་དང་། བརྟག་ཞིབ་ནང་ཞུགས་མཁན་མི་སྣ་མང་པོ་ཞིག་ལ་ངོ་བོའི་ཐོག་བརྟག་དཔྱད་ཞིབ་འཇུག་གི་ལས་འགན་མེད་པ་རེད། 2024ལོའི་ཟླ1པར། གཞུང་དོན་དྲང་བདེན་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་མཁོ་འདོན་བྱས། ཆུས་ཅིན་མིན་ལ་ཏང་ནང་གི་ཐ་ཚིག་ཚབས་ཆེན་བཏང་བ་དང་སྐྱོན་ཆ་ཆེན་པོ་ཐོ་འགོད་ཀྱི་ཆད་པ་བཅད།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལི་ཅན་མིན་གྱིས་གསོ་སྦྱོང་གི་མིང་ཐོག་ནས་གཞུང་དངུལ་གྱིས་ཡུལ་སྐོར་སྐོར་བྱས་པའི་གནད་དོན།2023ལོའི་ཟླ9པར། ཀླུ་ཆུ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱིས་མཉམ་འབྲེལ་ཐོག་ཡུན་ནན་དུ་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། རུ་ཁག་གི་མགོ་ཁྲིད་པ་ལི་ཅན་མིན་གྱིས་བསམ་བཞིན་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་ཇེ་མང་དུ་བཏང་བ་དང་། སློབ་ཚན་གྱི་སློབ་སྦྱོང་དུས་ཡུན་གང་འདོད་དུ་ཇེ་ཉུང་དུ་བཏང་ཞིང་། ཡུལ་དངོས་སློབ་ཁྲིད་ལྷུ་ཚིགས་མེད་པར་བཏང་ནས་ཡུལ་སྐོར་ལྟ་སྐོར་བྱེད་པར་སྤྱད་པ་རེད། ལི་ཅན་མིན་ད་དུང་ཚད་གཞི་ལས་བརྒལ་ནས་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་དུ་བསྡད་པ་དང་། སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་མང་པོ་ཚད་གཞི་ལས་བརྒལ་ནས་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ལ། འགྲོ་གྲོན་ཚང་མ་གཞུང་དངུལ་གྱིས་རྩིས་བརྒྱབ་པ་རེད། ཀླུ་ཆུ་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱིས་སློབ་ཚན་བཀོད་སྒྲིག་དང་ས་གནས་འདེམས་པ་སོགས་ལ་རིགས་པས་ཁུངས་སྐྱེལ་ནན་ཏན་བྱས་མེད་པ་དང་། གསོ་སྦྱོང་ཇུས་གཞིར་ཞིབ་བཤེར་བྱེད་པའི་འགག་སྒོར་དམ་འཛིན་བྱ་རྒྱུ་དེ་རྣམ་པ་ཙམ་ཡིན་པ་མ་ཟད། གསོ་སྦྱོང་ལས་དོན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་གནད་ལ་འཁེལ་མེད་པ་རེད། ལི་ཅན་མིན་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་དང་སྲིད་དོན་ལས་གནས་ཕྱིར་འཐེན་གྱི་ཆད་པ་བཅད་པ་དང་། གསོ་སྦྱོང་ནང་ཞུགས་མཁན་མི་སྣ་གཞན་དག་དང་དེ་བཞིན་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་གྲོང་གསེབ་དར་སྤེལ་ཅུས་ཀྱི་འགན་འཁུར་བློ་མཐུན་ལ་དེ་མཚུངས་ཀྱི་ཆད་གཅོད་བྱས།
རྒྱལ་ཁབ་གློག་ཤུགས་མ་འཇོག་ཉིང་ཞ་ཧ་ཡང་གློག་ཤུགས་ཀུང་སིའི་ཀྲུང་ཝེ་ནུས་རྒྱུ་གསར་པའི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ལིའུ་ཞིན་ཧྭ་ཡིས་སྒྲིག་འགལ་གྱིས་གཞུང་དངུལ་གྱི་གསོལ་སྟོན་སྒྲིག་འཛུགས་བྱས་པའི་གནད་དོན། 2025ལོའི་ཟླ4པར་སློབ་སྦྱོང་སློབ་གསོའི་རིང་། ཀྲུང་ཝེའི་ནུས་རྒྱུ་གསར་པའི་ཀུང་སིས་གོང་རིམ་གྱི་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་སྐབས། ལིའུ་ཞིན་ཧྭ་ཡིས་སྒྲིག་འགལ་གྱིས་གསོལ་སྟོན་ཐེངས་མང་བཤམས་པའམ་ཡང་ན་ཁོངས་གཏོགས་ལ་བདེ་འཇགས་ཞིབ་བཤེར་ཚོགས་ཆུང་ལ་གསོལ་སྟོན་བཀོད་སྒྲིག་བྱེད་དུ་བཅུག་པ་དང་། འབྲེལ་ཡོད་འགྲོ་གྲོན་ནི་ཁོངས་གཏོགས་ཀྱིས་ཚོང་དོན་སྣེ་ལེན་རྟོག་བཟོ་བྱེད་པ་སོགས་ཀྱི་དོན་དག་ལ་ཁ་གཡར་ནས་གཞུང་དངུལ་གྱིས་རྩིས་བརྒྱབ་པ་རེད། ལིའུ་ཞིན་ཧྭ་ལ་ཏང་ནང་གི་ཐ་ཚིག་ཚབས་ཆེན་བཏང་བ་དང་འགན་འཁུར་མི་སྣ་གཞན་དག་ལ་དེ་མཚུངས་ཀྱི་ཆད་གཅོད་བྱས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་བརྒྱད་ནི་ཏང་ཀྲུང་དབྱང་གི་མིག་དཔེ་བསྟན་ནས་ཡིད་རྟོན་འཛུགས་པའི་བྱ་སྤྱོད་ཅིག་ཡིན་ལ། དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན་པས། ངེས་པར་མཐར་ཐུག་དམ་འཛིན་དངལྷོད་གཡེང་མེད་པར། རྣོ་ལྕགས་ལྟ་བུའི་སྒྲིག་སྲོལ་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་འཛུགས་དགོས། ཏང་རྩ་འཛུགས་རིམ་པ་ཁག་དང་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། ཏང་གི་སྤྱོད་ཚུལ་དེ་མི་སེམས་ཀྱི་ཁ་ཕྱོགས་ས་དང་ཏང་གི་ཤི་གསོན་ལ་འབྲེལ་བ་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་འཁུར་ནས། ཏང་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། རྒྱུན་གཏན་རང་བཞིན་གྱི་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་རྒྱ་བསྐྱེད་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གོཏང་བ་དང་། གཟབ་ནན་གྱི་རྣམ་པ་བསྐྲུན་པ་དང་དྲང་བདེན་གྱི་སྤྱོད་ཚུལ་ཏན་ཏིག་ངང་འཛུགས་དགོས། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་གཟབ་ནན་གྱི་རྨང་གཞི་མཐའ་འཁྱོངས་བྱས་ནས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་ལག་ཆ་ལེགས་པོར་སྤྱད་དེ། སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་མགྱོགས་མྱུར་ངང་ཞིབ་བཤེར་ནན་པོ་བྱེད་པ་དང་། མངོན་མེད་ཀྱི་གཞན་འགྱུར་གྱི་གནད་དོན་སྔོག་འདོན་ཞིབ་ཕྲ་བྱས་ཏེ། བྱ་སྤྱོད་ངན་པ་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་མཐོ་གནོན་ཆད་གཅོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱ་དགོས། “སྤྱོད་ཚུལ་བཞིའི”གནད་དོན་རྙིང་པ་དང་གནས་ཚུལ་གསར་པར་དོ་སྣང་དམ་ཟབ་བྱས་ཏེ། སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་ལག་རྟགས་དང་དངུལ་སྤྲོད་ལེན་བྱེད་པ་སོགས་ཀྱི་གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་དགོས་པ་དང་། བྱ་བ་མི་སྒྲུབ་པ་དང་གང་བྱུང་དུ་སྒྲུབ་པ། གཞི་རིམ་གྱི་ཁུར་པོ་ཇེ་ལྕིར་གཏོང་བ་སོགས་ཀྱི་སྣང་ཚུལ་དུས་ཐོག་དུ་ཡོ་བསྲང་བྱས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ལ་དངོས་སུ་འགྱུར་ལྡོག་བྱུང་བ་མཐོང་དུ་འཇུག་དགོས། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བསླེབ་ཉེར་ཡོད་པས། དྲན་སྐུལ་དང་ལྟ་སྐུལ་ཞིབ་བཤེར། བརྡ་ཁྱབ་དམར་འདོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གཟབ་ནན་གྱི་བརྡ་རྟགས་མུ་མཐུད་དུ་གཏོང་དགོས་པ་དང་། ཏང་ཡོན་ལས་བྱེད་པས་བཀུར་སྐྲག་ཤེས་པ་དང་། གཅུན་སྡོམ་ཡོད་པ། ཚད་མཐའ་སྲུང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། སྤྱོད་གཙང་དྲང་བདེན་གྱི་དུས་ཆེན་གྱི་རྣམ་པ་ཧུར་ཐག་གིས་བསྐྲུན་དགོས། །
རྩོམ་སྒྲིག་པ། དཔལ་གཡང་།