ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་འདོན་དགོས”

སྤེལ་དུས 2024-04-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དྲུང་ཆེ་ཁའེ་ལ་ཐེ·ས་ལེ་པེར་བཅར་འདྲི་བྱས་པ།
  “པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དེ་ས་ཁུལ་ཕྱོགས་ཁག་གིས་བདེ་འཇགས་དང་། མཉམ་ལས། བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་གྲོས་བསྡུར་བྱེད་པའི‘ཨེ་ཤེ་ཡའི་ཇུས་གཞིའི’ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གྲོས་དོན་མང་པོ་ཞིག་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་གྲོས་རིམ་དང་མཐུན་ཡོད”ཅེས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི(གཤམ་དུ“ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུ”ཞེས་བསྡུ་རྒྱུ)དྲུང་ཆེ་ཁའེ་ལ་ཐེ·ས་ལེ་པེས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུ་ཕྱོགས་སྒྱུར་རིམ་སྤོར་ཐུབ་པ་དང་། ཡིད་ཆེས་བྱ་ཐབས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁོངས་མིའི་རྒྱལ་ཁབ་ཀྱི་མཐོང་ཆེན་ཐོབ་པ་བཅས་བྱུང་ནས་ཕྱོགས་ཁག་གིས་ཐུན་མོང་ཐོག་ས་ཁོངས་ནང་གི་ཁོར་ཡུག་ཉམས་ཉེན་བཅོས་སྒྲིག་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་བརྗོད་པ་རེད།
  ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུ་ནི་ཧ་སག་སི་ཐན་གྱིས་1992ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཞེ་བདུན་པའི་ཐོག་གྲོས་འགོ་བཏོན་ནས་བཙུགས་པའི་བདེ་འཇགས་གནད་དོན་གྱི་གླེང་སྟེགས་ཤིག་ཡིན་ཞིང་། ཨེ་ཤེ་ཡའི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་ཤུགས་རྒྱག་རྒྱུ་དམིགས་ཡུལ་དུ་བྱེད་པའི་ཕྱོགས་མང་ཡིད་རྟོན་བྱ་ཐབས་བཟོ་བ་དང་དོན་འཁྱོལ་བྱེད་པར་གཞོལ་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད། ཀྲུང་གོ་ནི་ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུའི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པ་དང་ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུའི་འཕེལ་རིམ་ཁག་ལ་སྔ་ཕྱི་བར་གསུམ་དུ་ཧུར་ཐག་ཞུགས་བཞིན་ཡོད་པ་རེད།
  ས་ལེ་པེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་ནང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་ཞི་བའི་བྱ་ཐབས་ཀྱི་ཐོག་ནས་རྒྱལ་ཁབ་དབར་གྱི་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་དང་། “མཐའ་འཁྱོངས་དྲུག”ལྟེ་བའི་དོན་སྙིང་ལ་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་ཐ་སྙད་ཡིག་ཆ》ཡོངས་བསྒྲགས་བྱས་ནས་གྲོས་འགོའི་སྒྲོམ་གཞིའི་འོག་གཙོ་གནད་མཉམ་ལས་ཀྱི་ཁ་ཕྱོགས་20བཏོན་པར“གོ་སྐོན་བློ་འགུག་གི་ནུས་པ་དང་ལག་བསྟར་བྱས་འཐུས་ཀྱི་ནུས་པ་ཆེན་པོ་ལྡན་ནས་རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པའི”ངོས་འཛིན་བྱས་པ་རེད།
  ས་ལེ་པེས་དེ་སྔོན་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་ཡོད། ཁོང་གིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱས་པ་དང་། ཀྲུང་གོའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད། ས་ལེ་པེས་ཀྲུང་གོས་ཨེ་ཤེ་ཡའི་རོགས་ལས་ཡིད་རྟོན་ཚོགས་འདུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཀྲུང་གོར་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་སྨོན་འདུན་ཡང་ཞུས་པ་རེད།