ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཨེ་ཤེ་ཡའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

སྤེལ་དུས 2024-04-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་ལ་བཅར་འདྲི་བྱས་པ།
  “ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2024ལོའི་ལོ་ཚོགས་ཀྱིས་ཨེ་ཤེ་ཡའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་ཕྱིར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་ཡིན”ཞེས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དཔོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཕན་ཅི་ཝུན་གྱིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
  མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་འགོར་བ་དང་ས་ཁུལ་གྱི་གདོང་ཐུག་མུ་མཐུད་ཐོན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཚད་འགོར་དུ་སོང་ཡོད། ཕན་ཅི་ཝུན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་པས་ཕྱོགས་ཁག་གིས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱབ་ལྗོངས་དེའི་འོག་འདི་ལོའི་གླེང་སྟེགས་ལོ་ཚོགས་ཀྱིས“ཨེ་ཤེ་ཡ་དང་འཛམ་གླིང་། ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཐོག་ནས“པོ་ཨའོ་ཁྱིམ་ཚང་ཆེན་པོའི་མིག་སྔའི་ཁེ་ཕན་དང་དོ་ཁུར་བྱེད་ལུགས་མཚོན་གྱི་ཡོད” ཁོང་གིས་ཕྱོགས་ཁག་གིས་སྐུལ་སློང་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་སྤེལ་རེས་དང་གྲོས་བསྡུར་བྱས་ནས་མཉམ་ལས་དང་འཕེལ་རྒྱས་ལ་དྲང་ནུས་སྣོན་དགོས་ཞེས་བརྗོད་པ་རེད།
  ཕན་ཅི་ཝུན་གྱིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཨེ་ཤེ་ཡའི་དཔལ་འབྱོར་གཞི་གཅིག་ཅན་དང་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐོག་མཐའ་བར་གསུམ་དུ་ཤུགས་རྒྱག་གི་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་རེད། དེས་ན་རྒྱལ་ཁབ་ཁག་གིས་འཕར་ཤུགས་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་བརྗོད་པ་རེད། འདི་ལོའི་གླེང་སྟེགས་ཀྱི་ལོ་ཚོགས་རིང་ཕན་ཅི་ཝུན་གྱིས“‘གསར་གཏོད་དང་། ལྗང་མདོག གྲངས་རིག མཉམ་འདྲེས’བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད”ཅེས་པའི་ཡན་ལག་གླེང་སྟེགས་ནང་ཞུགས་པ་རེད། ཁོང་གིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་རྒྱབ་ལྗོངས་འོག གསར་གཏོད་ལ་བརྟེན་ནས་ཕྱོགས་སྒྱུར་དང་། ལྗང་མདོག་ཐཱན་ཉུང་ལ་བརྟེན་ནས་ཕྱོགས་སྒྱུར། གྲངས་འཛིན་རིག་ནུས་ལ་བརྟེན་ནས་ཕྱོགས་སྒྱུར། མཉམ་སྤྱོད་མཉམ་འདྲེས་ལ་བརྟེན་ནས་ཕྱོགས་སྒྱུར་བཅས་བྱ་རྒྱུ་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་གཏོད་རྒྱུ་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
  “འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་འདི་ཉིད་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད” ཕན་ཅི་ཝུན་གྱིས་ངས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོར་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་བཟོ་ལས་ཐོན་རྫས་མང་པོ་ཡོད་པ་དག་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པར་དོ་སྣང་ཡང་བྱུང་། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་དང་མི་ཤུགས་མ་རྩ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་པོ་བཅས་གཏོང་གི་ཡོད། “ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་ནུས་པ་གལ་ཆེན་ཐོན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
  གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་ཨེ་ཤེ་ཡ་དང་ཐ་ན་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཕན་ཅི་ཝུན་གྱིས་གནམ་གཤིས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས། “ཀྲུང་གོས་གསར་གཏོད་དང་། བསྟུན་མཁས། ལྗང་མདོག རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་མངོན་པར་བྱས་པ་དེས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རོགས་ཟླའི་འབྲེལ་བ་འཛུགས་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ”ཅེས་བརྗོད་པ་རེད།
  “ཞི་བདེ་དང་བདེ་འཇགས་ནི་མིའི་རིགས་ཀྱི་བླ་ན་མེད་པའི་དམིགས་ཚད་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ཐོག་མའི་དམིགས་ཡུལ་ཡང་རེད” ཕན་ཅི་ཝུན་གྱིས་དེང་སྐབས་ཀྱི་འཛམ་གླིང་གིས་ངེས་པར་དུ་རྒྱལ་ཕམ་འཐབ་འགྲན་བྱེད་མཚམས་བཞག་སྟེ། མཐུན་སྒྲིལ་ལ་ཤུགས་སྣོན་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་འཕེལ་རྒྱས་དང་བདེ་འཇགས་མཉམ་སྤྱོད་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། “ཀྲུང་གོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་ནས་རྒྱལ་ཁབ་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རོགས་རམ་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་། ཐུན་མོང་ཐོག་བདེ་འཇགས་འཛུགས་གཏོད། ཐུན་མོང་ཐོག་ཤེས་དཔལ་དར་རྒྱས་བཅས་བྱེད་པ་ནི་འཛམ་གླིང་ལ་དངོས་གནས་མཁོ་བ་འདི་རེད”ཅེས་བརྗོད་པ་རེད།
  ཕན་ཅི་ཝུན་གྱིས་དུས་བསྟུན་འཕེལ་རྒྱས་ཀྱི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་རྒྱུན་མཐུད་ཀྱི་གསར་བཅོས་དང་མཉམ་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཤིང་། ཨེ་ཤེ་ཡར་གཞི་འཛུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ་དེ་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་སྔར་ལས་ལྷག་པ་འདོན་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།