ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས་ཐུན་མོང་ཐོག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།

སྤེལ་དུས 2025-11-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་བཅུ་གཉིས་པ་ཉིན་ཤས་གོང་ཝུའུ་ལུའུ་མུའུ་ཆིར་འཚོགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ལས་རིགས་ཁག་གི་སྐུ་མགྲོན་300ཙམ་གླེང་སྟེགས་ལ་ཞུགས་ཏེ“‘ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས’དར་སྤེལ་བཏང་ནས་ཐུན་མོང་ཐོག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
  ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ཕན་འབྲས་ཆེ་བའི་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་འཚོགས་པ་དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་ལས་སྟེགས་བརྟན་པོ་ཞིག་བསྐྲུན་ནས“ཕན་ཚུན་བརྩི་འཇོག་དང་། ཡིད་ཆེས། གཉིས་ཕན། རོགས་རེས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི”“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”གྲུབ་ཡོད། “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་། ཕན་ཚུན་བརྩི་འཇོག ཐུན་མོང་དར་རྒྱས་བཅས་ཀྱི་རྩ་དོན་གཞིར་བཟུང་བའི་འབྲེལ་བ་དེ་བས་ཟབ་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་མཉམ་དུ་འབད་བརྩོན་བྱ་རྒྱུ་ཡིན”ཞེས་ཐ་ཇིག་སི་ཐན་གྱི་ཙུང་ལི་གཞོན་པ་མན་སུའུ་ལི་ཡིས་བརྗོད།
  ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་ཁང་གི་དབྱི་ཀྲང་གཞོན་པ་ཧ་ཅི་མོ་ཧྥུའུ་ཡིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། རྒྱལ་ཁབ་དང་རྒྱལ་ཁབ་དབར་དྲང་གཞག་གཉིས་ཕན་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། སྐྲུན་མུས་ཀྱི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་གྱིས“ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོ་ཕན་ཚུན་འབྲེལ་མཐུད་བྱེད་པར་སྒུལ་ནུས་ཆེན་པོ་སྦྱིན་ངེས་རེད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོ་དེ“ཨུ་ཟ་བྷེ་ཁི་སི་ཐན—2025”འཐབ་ཇུས་ཀྱི་གཙོ་གནད་ལས་འགན་དང་ཤིན་ཏུ་ནས་འཚམ་པས། ཕྱོགས་གཉིས་པོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བར་བར་མཐོངས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་། ཟོག་འགྲེམས། ཚན་རྩལ་གསར་གཏོད། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་ས་ཁོངས་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་བརྗོད།
  ཀྲུང་གོའི་ཤིན་ཅང་དང་ཧ་སག་སི་ཐན་དབར་གཞུང་ལམ་འགག་སྒོ་5དང་ལྕགས་ལམ་འགག་སྒོ་2ཤར་གཏོང་ཐུབ་པ་དང་། མིག་སྔར་སྐྲུན་མུས་ཀྱི་ཀྲུང་ཧའི་རྒྱལ་སྒྲོལ་ལྕགས་ལམ་གསུམ་པས་ཕྱོགས་གཉིས་པོའི་ཟོག་འདྲེན་བྱེད་ཚད་མང་དུ་ཤུགས་ཆེན་འགྲོ་རྒྱུ་རེད་ཅེས་བརྗོད་པ་དང་། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ནུའུ་ལུའེ་ཧྲེ་ཧྥུའུ་ཡིས། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟོ་ལས། གྲངས་འཛིན་ཅན། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་གཞོལ་བཞིན་ཡོད་ཅེས་བརྗོད།