ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་རྒྱལ་ཁབ་དྲུག་གིས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་རྒྱུ་ཡིན་པ།

སྤེལ་དུས 2025-11-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བའི་པུའུ་རིམ་པའི་ཚོགས་འདུ་ཡུན་ནན་ཁུན་མིང་དུ་འཚོགས་ཤིང་། རྒྱལ་ཁབ་དྲུག་གི་ཁྲིམས་སྒྱུར་སྡེ་ཚན་གྱིས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་སྔར་བས་གཏོང་བའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད།
  སྤྱི་བདེ་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་རྒྱལ་ཁབ་དྲུག་གིས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བའི་ཁྲིམས་སྒྱུར་མཉམ་ལས་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་དྲུག་པོའི་ཁྲིམས་སྒྱུར་སྡེ་ཚན་གྱིས་གྲུབ་འབྲས་རང་བཞིན་གྱི་ཡིག་ཆར་མཉམ་དུ་མིང་རྟགས་བཀོད་ཅིང་། ཕྱོགས་ཁག་ཚང་མས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བའི་འདུན་པ་ཆེན་པོ་ཡོད་ལུགས་མཚོན་ནས། རྒྱལ་ཁབ་མང་པོའི་མཉམ་འབྲེལ་རྡུང་རྡེག་བྱ་སྤྱོད་ཐུན་མོང་ཐོག་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཁ་བསླུས་དང་འབྲེལ་བ་ཡོད་པའི་མི་སྣ་ཕྱིར་སྐྱེལ་རྩིས་སྤྲོད་ལས་དོན་མུ་མཐུད་སྤེལ་བ། རྡུང་རྡེག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ་ས་ཁུལ་གྱི་དུས་བདེ་ཞོད་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྲིད་གཞུང་གིས་ཁམ་ཕུ་ཁྲེ་དང་། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་སོགས་རྒྱལ་ཁབ་དང་ཁྲིམས་སྒྱུར་མཉམ་ལས་ཧུར་ཐག་བྱས་པས། ལམ་སྲོལ་བཟང་པོ་ཆགས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྡུང་རྡེག་བྱ་སྤྱོད་རབ་དང་རིམ་པས་རྒྱན་འགྱེད་དང་ཁ་བསླུས་ཉེས་གསོག་ཚོགས་པ་ཟིལ་གྱིས་མནན་ཡོད།