ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧྲན་ཏུང་ཞིང་ཨུད་ཀྱིས་མཉམ་དུ་གཉེར་བའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྲིད་ཏང་དབར་གྱི་གླེང་མོལ་ཚོཌ་འདུ་ཐེངས་གཉིས་པ་ཉིན་ཤས་གོང་ཆིང་ཏའོ་རུ་འཚོཌ་པ་རེད། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྲིད་ཏང་གིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པ་དེ་ཡིན་ཞིང་། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་སྲིད་ཏང་20ལྷག་ཙམ་གྱི་འགོ་ཁྲིད་པ་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཐུས་མི་150ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོ་གུང་ཁྲན་ཏང་གིས་གདེང་ཚོད་ཆེན་པོས་མི་དམངས་ལ་འགོ་ཁྲིད་བྱས་ནས་མདུན་དུ་བསྐྱོད་པ་མ་ཟད། གྲུབ་འབྲས་རླབས་པོ་ཆེ་ཡང་ཐོབ་པ།
བགྲོ་གླེང་དང་ལྟ་སྐོར་འཚམས་འདྲི་བྱེད་སྐབས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་སྲིད་ཏང་འཐུས་མིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་དགོངས་དོན་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། འཐུས་མི་ཚོས། ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་བཏང་སྟེ། ཐུན་མོང་དེང་རབས་ཅན་གྱི་ལམ་བུར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ཐ་ཇིག་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ཅི་ཡུའེ་ཙུའོ་ཊ་ཡིས་བརྗོད་དོན། མིག་སྔར་གོ་ལ་ཧྲིལ་པོའི་ཕྱོགས་སྒྱུར་མགྱོགས་སུ་ཕྱིན་ཏེ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱིས་བཏོན་པའི་འབྲེལ་ཐག་གི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་ནུས་ཆེའི་དོ་དམ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་བཏོན་ནས། རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་དང་། དབུལ་པོ་ཉུང་གཏོང་། གྲངས་འཛིན་ཅན། ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་ཀྲུང་གོའི་སྣེ་ཁྲིད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཏོད་ཡོད་པས། ཐ་ཇིག་སི་ཐན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དབར་གྱི་སྤེལ་རེས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། སྔར་བས་ཤུགས་སྣོན་ཡང་རྒྱག་འདོད་ཡོད།
ཧ་སག་སི་ཐན“ཨཱ་མཱ་ན་ཐེ”ཏང་གི་ཧྲུའུ་ཅི་རིར་ཁེ་པ་ཡེ་ཧྥུའུ་ཡིས་བརྗོད་དོན། ཀྲུང་གོ་གུང་ཁྲན་ཏང་གིས་གདེང་ཚོད་ཆེན་པོས་མི་དམངས་ལ་འགོ་ཁྲིད་བྱས་ནས་མདུན་དུ་བསྐྱོད་པ་མ་ཟད། གྲུབ་འབྲས་རླབས་པོ་ཆེ་ཡང་ཐོབ་པར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་དེ“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ལག་ལེན་བསྟར་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས། ཧ་ཀྲུང་གིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་མཉམ་ལས་ཀྱི་གྲུབ་འབྲས་ཁ་ཡོད་ལག་ཡོད་ཐོབ་པར་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན།
རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།
ཚོགས་འདུའི་རིང་། ཀྲུང་ཕྱིའི་སྐུ་མགྲོན་ཆིང་ཏའོ་གྲོང་ཁྱེར་གྱི་ཏུང་མའེ་ཡའོ་གྲོང་ཚོ་དང་ལི་ཚུན་ཧོ་སྤྱི་གླིང་དུ་བསྐྱོད་དེ། ས་གནས་དེ་གའི་དབུལ་སྒྲོལ་ཕྱུག་འགྱུར་དང་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། ས་གནས་དེ་གའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ཉམས་མྱོང་སྤེལ་རེས་ཀྱང་བྱས་པ་རེད།
ལའོ་ཧྲན་རི་གཤམ་དང་དྭངས་གཙང་ཆུ་མོའི་འགྲམ་དུ་ཏུང་མའེ་ཡའོ་གྲོང་ཚོའི་མཉམ་སྡེབ་ཀྱིས་ཁེ་ལས་དང་མཉམ་ལས་བྱས་པ་བརྒྱུད། ཆུ་འགྲམ་དམངས་སྲོལ་གནས་ཚང་བསྐྲུན་པ་དང་། ཞིབ་སློབ་རྟེན་གཞི་བཙུགས་པ། ཁྱད་ལྡན་འདེབས་ལས་འཕེལ་རྒྱས་བཏང་ནས། ཉ་པའི་གྲོང་ཚོ་ཆུང་ཆུང་དེ་ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་མཚོན་གྲོང་ཚོར་བསྒྱུར་ཡོད། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ནས་བྱུང་བའི་ལི་ཚུན་ཆུ་བོ་དེ“དྲི་ངན་ཆུ་བོ”ནས“སྐྱེ་ཁམས་བར་ཁྱམས་རིང་པོར”བསྒྱུར་ཏེ། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་གཞི་ཁག་གཉིས་པར་བདམས་ཡོད།
ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུཌ་ཁང་གི་གྲོས་དཔོན་གཞོན་པ་ཧ་ཅི་མོ་ཧྥུའུ་ཡིས་བརྗོད་དོན། ལྟ་སྐོར་འཚམས་འདྲིར་ཞུགས་པ་བརྒྱུད། ངས་ཀྲུང་གོས་བཏོད་པའི་དབུལ་པོ་ཉུང་གཏོང་གི་ངོ་མཚར་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་ལ་ཕན་པའང་ཆེན་པོ་བྱུང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་རིང་། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ལྷན་གྱི་སྒྲོམ་གཞིའི་ནང་དབུལ་པོ་ཉུང་གཏོང་མཉམ་ལས་ཀྱི་ཡན་ལག་ཨུ་ལྷན་མང་དུ་བཏང་ཡོད། མིག་སྔར་ཨུ་ཟ་བྷེ་ཁི་སི་ཐན་གྱི་དབུལ་པོ་ཉུང་གཏོང་གི་ལས་དོན་ལ་འཕེལ་རྒྱས་བྱུང་ཡོད། 2025ལོའི་ལོ་སྟོད་དུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7.2%འཕར་བ་དང་། བཟོ་ལས་ཐོན་སྐྱེད་དང་། ཕྱི་ཕྱོགས་ཚོང་དོན། བུད་མེད་ལས་ཞུགས་སོགས་ཁྱབ་ཁོངས་ཚང་མར་དགའ་འོས་པའི་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད།
བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་གཏོང་བ།
ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། འདུ་ཤེས་ཀྱི་མཐུན་ཆའི་གནས་དང་ཁེ་ཕན་མཉམ་འདུས་ཀྱི་གནས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། སྲིད་ཏང་གི་འབྲེལ་བ་གསར་པ་འཛུགས་པར་བརྟེན་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་རོགས་རམ་བྱེད་པ་དང་གོ་ལ་ཧྲིལ་པོའི་སྲིད་ཏང་གི་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བར་བརྟེན་ནས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་གུང་ཁྲན་ཏང་གིས“སྲིད་ཏང+”ཀྱི་འགྲོ་འོང་བྱེད་སྟངས་གསར་གཏོད་བྱས་པ་དང་འགྲོ་འོང་གི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བས། “+ཁེ་ལས”དང་། “+ས་གནས” “+སྨྱན་སྦྱོར”སོགས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ཐེངས་ཀྱི་གླེང་མོལ་ཚོགས་འདུར་ཚོགས་ཞུགས་སྐུ་མགྲོན་གྱིས་ད་དུང“སྲིད་ཏང+”ལ་བརྟེན་ནས་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཡོད།
ཁེར་གྷི་སི་ཐན་གྱི“སེམས་མཐུན”ཏང་གི་ལག་བསྟར་ཧྲུའུ་ཅི་སུའུ་ལའེ་མན་ནོ་ཝ་ཡིས་བརྗོད་དོན། “སྲིད་ཏང+”ཀྱི་ལས་སྟེགས་ཀྱིས་ཆབ་སྲིད་ཀྱི་འདོད་བློ་དང་ཞིབ་ཕྲའི་རྣམ་གྲངས་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁེར་གྷི་སི་ཐན་གྱི“སེམས་མཐུན”ཏང་གིས་རང་ཉིད་ནི་སྤྱི་ཚོགས་དང་སྲིད་གཞུང་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་ཞིག་ཏུ་གཏན་འཁེལ་བྱས་ཡོད། “སྲིད་ཏང+”ཀྱི་མཉམ་ལས་དེ་ཁེར་གྷི་སི་ཐན་གྱི“སེམས་མཐུན”ཏང་གི་འདུ་ཤེས་དང་ཚད་མཐོའི་མཐུན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་སྲིད་ཏང་གདོང་ལེན་སྟོབས་ཤུགས་སུ་བརྩིས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་གཏོང་རྒྱུའི་རེ་བ་ཡོད།