ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

སྤེལ་དུས 2025-11-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  པར་ཙིར་པེ་ལུན་དུ་འཚོག་བཞིན་པའི《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ(COP30)དུས་བསྣར་དུས་མཚམས་སུ་སླེབས་ཡོད། ཕྱོགས་ཁག་གིས་གནམ་གཤིས་ཀྱི་གྲོས་དོན་གལ་ཆེན་མང་པོ་ཞིག་ལ་དམིགས་ནས་གྲོས་བསྡུར་དང་གྲོས་མོལ་བྱེད་པ་དང་། ལག་གདང་སྦྲེལ་ཏེ་གནམ་གཤིས་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ཀྱི་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལག་ལེན་པ་དང་དངོས་སྒྲུབ་པ་ཞིག་ཡིན་པའི་ཀྲུང་གོས་ཚོགས་ཆེན་གྱི་གྲོས་རིམ་ནང་ཧུར་ཐག་ཞུགས་པ་དང་ཕྱོགས་ཁག་དང་མཉམ་དུ་ད་ཐེངས་ཀྱི་ཚོགས་ཆེན་ལ་དགེ་མཚན་ལྡན་ལ་དོ་སྙོམས་ཀྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བར་གཞོལ་ཏེ། གནམ་གཤིས་བཅོས་སྐྱོང་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་གོའི་སྣེ་ཁྲིད་ནུས་པ་དང་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འཕེལ་རིམ་ལ་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡོད།
  ད་ལོ་ནི《ཕ་རི་སིའི་གྲོས་ཆོད》བཞག་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་འགག་རྩའི་དུས་མཚམས་སུ་སླེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《2025ལོའི་བཙོག་འབུད་ཧེ་བག་སྙན་ཞུ》ལས་མངོན་པར། གོ་ལ་ཧྲིལ་པོས《ཕ་རི་སིའི་གྲོས་ཆོད》ཀྱི་འགག་རྩའི་གནམ་གཤིས་དམིགས་ཚད་མངོན་འགྱུར་བྱེད་པར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། མིག་སྔར། གནམ་གཤིས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དམ་བཅའ་དང་དངོས་ཡོད་དགོས་མཁོའི་དབར་གྱི་ཧེ་བག་མངོན་གསལ་དོད་པོ་ཡོད། རྒྱལ་ཁབ་ཁག་གཅིག་གིས་ནུས་རྒྱུ་ཕྱོགས་སྒྱུར་ཐད་སྒྱིད་ལུག་གི་རྣམ་འགྱུར་འཛིན་པས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྒུལ་ཤུགས་དང་ཡིད་ཆེས“གཉིས་ཆད”ཀྱི་ཚོད་བགམ་འཕྲད་ཡོད། མིག་སྔར། ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་ཀྱིས་གནམ་གཤིས་བྱ་སྤྱོད་དོན་འཁྱོལ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
  COP30རིང་། ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་ཕྱོགས་ཁག་དང་མཉམ་དུ་ཀྲུའུ་ཞིའི་རྒྱལ་ཁབ་པར་ཙིར་གྱི་སྐུལ་འདེད་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་བྱ་སྤྱོད་དོན་འཁྱོལ་ལ་དམིགས་པའི་རྨང་གཞིའི་ཐོག རྗེས་ཀྱི་ལོ་10ཡི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་དང་ཆ་རྐྱེན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོའི་ཟུར་ཕྱོགས”ཀྱི་ཟུར་ཚོགས་རབ་དང་རིམ་པ་འཚོགས་པ་དང་བརྗོད་དོན་གཙོ་བོའི་ནང་ཀྲུང་གོའི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཐབས་ལམ་དང་། ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར། ནུས་རྒྱུ་གསར་པའི་འཕེལ་རྒྱས་སོགས་ཚུད་ཡོད་པ་དང་དེ་དག་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ཀྲུང་གོའི་ཉམས་མྱོང་གི་དཔྱད་གཞི་མཁོ་འདོན་བྱས་ཡོད། COP30ཡི་ཀྲུའུ་ཞི་ཏུའོ་ལཱ་ཀེས“ཀྲུང་གོས་བཏོན་པའི་ཐག་གཅོད་ཇུས་གཞིས་ཀྲུང་གོ་ཁོ་ན་ཙམ་མ་ཟད། མི་ཚང་མར་ཕན་པ་ཐོབ་ཡོད”ཅེས་བསྔགས་བརྗོད་བྱས་པ་རེད།
  གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་སུ་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་མཁན་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་མཁན། ཐཱན་ཉུང་ལག་རྩལ་ལ་ལེགས་སྐྱེས་འབུལ་མཁན་གཙོ་བོ། ལྗང་མདོག་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱེད་མཁན་གལ་ཆེན་བཅས་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང་དེ་བཞིན《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ཧུར་ཐག་བྱེད་པ་དང་། 2030ལོར་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དོན་འཁྱོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རླུང་གློག་དང་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་དང་ནགས་ཚལ་གསོག་ཚད་སོགས་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། 2025ལོའི་ཟླ་10པའི་ཟླ་མཇུག་བར། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་43དང་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོ་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོ་55ལ་མིང་རྟགས་བཀོད་ཡོད། ཀྲུང་གོས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་དྲུང་ཡིག་ཁྲུའུ་ལ་2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་ཕུལ་ཏེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་ཁྱབ་ཁོངས་ཡོངས་དང་དྲོད་ཁང་རླངས་གཟུགས་ཚང་མར་རྒྱ་སྐྱེད་བཏང་ཡོད། “གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ཁྲོད་ཀྱི་ཀྲུང་གོའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ”དང་། “གོ་ལ་ཧྲིལ་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད” “རྒྱལ་ཁབ་གཞན་དག་གིས་དེ་བས་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུར་ལྕག་སྐུལ་བྱས་ཡོད”ཅེས་པ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་འགན་འཁྲི་དང་དངོས་སྒྲུབ་ཀྱི་བྱ་ཐབས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཁྱབ་ཁོངས་ཀྱི་འགག་རྩའི་སྣེ་ཁྲིད་པར་གྱུར་པར་ངོས་འཛིན་བྱས་ཡོད།
  གནམ་གཤིས་འགྱུར་ལྡོག་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པས་ཕྱོགས་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་སྟེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།