ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥེ་རི་ཁ་དེ་བས་བསྟུན་མཁས་རང་བཞིན་གྱི་གྲངས་འཛིན་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་རམ་འདེགས་བྱེད་པ།

སྤེལ་དུས 2025-11-27 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “ཨ་ཧྥེ་རི་ཁར་རེས་སྐོར་གསར་པའི་ལག་རྩལ་གསར་གཏོད་དང་ལྷག་པར་དུ་མི་ཐབས་རིག་ནུས་ཁྲོད་ནས་ཕན་པ་ཐོབ་པར་འགན་ལེན་བྱེད་དགོས་ན། ངེས་པར་དུ་རྨང་གཞི་གལ་ཆེན་གསུམ་སྲ་བརྟན་དུ་གཏོང་དགོས་པ་སྟེ། འགན་འཁུར་ཐུབ་པའི་དྲ་རྒྱའི་འབྲེལ་མཐུད་དང་སྒྲིག་ཆས་དང་། བློས་འགེལ་ཆོག་པའི་གྲངས་འཛིན་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད། དམངས་ཚོགས་ཀྱི་དོན་དངོས་དང་འཚམ་པའི་གྲངས་འཛིན་བྱང་ཚད་བཅས་ཡིན། དེ་དག་གིས་ཨ་ཧྥེ་རི་ཁ་དེ་བས་བསྟུན་མཁས་རང་བཞིན་གྱི་གྲངས་འཛིན་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱེད་ཐུབ”ཅེས་ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་འཚོགས་པའི་ཨ་ཧྥེ་རི་ཁའི་ཚན་རྩལ་དུས་ཆེན་སྐབས་ཉེར་བརྒྱད་པའི་ཐོག ལྷོ་ཨ་ཧྥེ་རི་ཁའི་འཕྲིན་གཏོང་དང་གྲངས་འཛིན་ལག་རྩལ་པུའི་པུའུ་ཀྲང་སོ་ལི·མཱ་ལ་ཆི་ཡིས་བརྗོད། ཨ་ཧྥེ་རི་ཁའི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་ཚན་རྩལ་འགྲེམས་ཚོགས་ཀྱི་གྲས་ཤིག་ཡིན་པའི་ཨ་ཧྥེ་རི་ཁའི་ཚན་རྩལ་དུས་ཆེན་འཚོག་པའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་གྲངས་འཛིན་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་གཏོང་ཆེད་རེད།
  སྐབས་འདིའི་ཚན་རྩལ་དུས་ཆེན་ནང་གཙོ་བོ་ཨ་ཧྥེ་རི་ཁའི་འཕྲིན་གཏོང་འགྲེམས་སྟོན་དང་། ཨ་ཧྥེ་རི་ཁའི་ཚན་རྩལ་འགྲེམས་སྟོན། ཨ་ཧྥེ་རི་ཁའི་ལས་གཏོད་འགྲེམས་སྟོན། མི་ཐབས་རིག་ནུས་ཁའེ་ཕུའུ་ཏུན་དབུ་ཚོགས་བཅས་ཚུད་ཡོད་པ་དང་གོ་ལ་ཧྲིལ་པོའི་ཚན་རྩལ་ཁེ་ལས་300ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཤིང་། གོ་ལ་ཧྲིལ་པོའི་ཚན་རྩལ་དང་འཕྲིན་གཏོང་ལས་རིགས་ཀྱི་ཇུས་ཐག་གཅོད་མཁན་དང་། ཁེ་ལས་མཁས་ཅན། མ་འཇོག་མཁན་བཅས་ཆིག་ཁྲི་ལྷག་ཙམ་ཚོགས་འདུར་ཞུགས་པའི་ཡིད་དབང་བཀུག་ཡོད། “གྲངས་འཛིན་ལག་རྩལ་འཕེལ་རྒྱས་བྱུང་བ་ལས་བཟོ་ལས་དང་། དངུལ་རྩ། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་རང་འགུལ་ཅན་དང་རིག་ནུས་ཅན་གྱི་རྣམ་པ་གསར་པ་ཐོན་པར་སྐུལ་འདེད་བཏང་ཡོད།
  མིག་སྔར། ཨ་ཧྥེ་རི་ཁའི་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་ཁར་དགོས་མཁོ་ཆེ་ཙམ་ཡོད་པས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། སྐབས་འདིའི་ཚན་རྩལ་དུས་ཆེན་ཐོག་ཀྲུང་གོའི་ཚན་རྩལ་ཁེ་ལས་བཅུ་ལྷག་ཙམ་གྱིས་ཐོན་རྫས་དང་ལག་རྩལ་གསར་ཤོས་ཁྱེར་ནས་ཐོན་ཁུངས་དང་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཨ་ཧྥེ་རི་ཁའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཕེལ་རིམ་ལ་རམ་འདེགས་བྱེད་པའི་རེ་བ་བཅོལ་གྱི་ཡོད་པ་རེད། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ཆེད་སྤྱོད་འཕྲིན་གཏོང་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་མཁན་ཚོང་པ་ཞིག་ཡིན་པའི་ངོས་ནས་ཧའེ་ནེང་ཏཱ་འཕྲིན་གཏོང་མ་རྐང་ཚད་ཡོད་ཀུང་སིས་གྲངས་འཛིན་མཚེ་འཕྲིན་དང་། ཚོ་འདུས་མ་ལག འཕྲལ་སྡོམ་འཕྲིན་གཏོང་སྒྲིག་ཆས་སོགས་ཐོན་རྫས་རབ་དང་རིམ་པ་འགྲེམས་སྟོན་བྱས་པར་མི་མང་པོས་ཐོན་རྫས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་ཡིད་དབང་བཀུག་ཡོད།
  ཅང་སུའུ་ཧེང་ཐུང་འོད་གློག་མ་རྐང་ཚད་ཡོད་ཀུང་སིས་གློག་སྐུད་དང་འོད་སྐུད་ཀྱི་གསར་གཏོད་ཐག་གཅོད་ཇུས་གཞི་ཁྱེར་ཡོད། “མིག་སྔར། ལྷོ་ཨ་ཧྥེ་རི་ཁར་ཧེང་ཐུང་འོད་གློག་གི་གློག་སྐུད་བཟོ་གྲྭ་གཉིས་དང་འོད་སྐུད་བཟོ་གྲྭ་གཅིག་ཡོད་པས། ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་གློག་སྐུད་བཟོ་སྐྲུན་ཁེ་ལས་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད”ཧེང་ཐུང་འོད་གློག་ལྷོ་ཨ་ཧྥེ་རི་ཁའི་འོད་སྐུད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཏེ་ཧོའུ་ཡིས། ཀུང་སིས་ལྷོ་ཨ་ཧྥེ་རི་ཁར་ལོ་རེའི་ཐོན་ནུས་སྤྱི་ལེ་ཁྲི་200མངོན་འགྱུར་བྱས་ཡོད་པས། འབྱུང་འགྱུར་ཐོན་རྫས་ཀྱི་མ་ལག་རྒྱ་སྐྱེད་གཏོང་རྒྱུར་གཞོལ་ནས་མ་དངུལ་དང་ལག་རྩལ་དེ་བས་མང་བ་བཏང་སྟེ། ས་གནས་དེར་ལས་ཞུགས་ཀྱི་གོ་སྐབས་གཏོད་རྒྱུ་ཡིན་ཞེས་བརྗོད།
  ཟླ་བཅུ་གཅིག་པའི་ཟླ་འགོར། ཀྲུང་གོ་སྒུལ་བདེས་རྒྱལ་སྤྱིའི་གཉེར་སྐྱོང་ཚོང་པ་གཞན་དག་7དང་མཉམ་དུ་འཛུགས་སྐྲུན་བྱས་པའི་ཨ་ཧྥེ་རི་ཁའི་མཐའ་འཁོར་གྱི་མཚོ་སྐུད་རྣམ་གྲངས་2Africaདུམ་བུ་ཤར་མ་དངོས་སུ་ཤར་གཏོང་ཐུབ་ཡོད། “ཨ་ཧྥེ་རི་ཁའི་མཐའ་འཁོར་གྱི་མཚོ་སྐུད་འཛུགས་སྐྲུན་རྣམ་གྲངས་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་4.5ཙམ་ཡོད་པ་དེ་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་ཀྱི་རྒྱལ་ཁབ་30ལྷག་ཙམ་དང་འབྲེལ་མཐུད་བྱས་ཡོད་པས། བསྐྲུན་ཚར་རྗེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དྲ་ཆེན་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་དྲ་ཞུགས་ཀྱི་མ་གནས་དམའ་རུ་འགྲོ་རྒྱུ་རེད”ཅེས་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱིའི་ལྷོ་ཨ་ཧྥེ་རི་ཁ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐའོ་ཅི་ཡིས་བརྗོད།
  མི་ཐབས་རིག་ནུས་ནི་སྐབས་འདིའི་ཚན་རྩལ་དུས་ཆེན་གྱི་གླེང་མང་བའི་བརྗོད་གཞི་ཞིག་ཡིན་པ་དང་། ཚོགས་ཞུགས་ཕྱོགས་ཁག་གིས་ཨ་ཧྥེ་རི་ཁར་མི་ཐབས་རིག་ནུས་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་དང་། བཅོས་སྐྱོང་དང་ལྟ་འདོམས། ཨ་ཧྥེ་རི་ཁའི་རང་ཡུལ་ཅན་གྱི་མི་ཐབས་རིག་ནུས་ཐག་གཅོད་ཇུས་གཞི་གཏོད་རྒྱུ་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་བྱས་ཡོད། ཧྭ་ཝེ་ཡིས“རིག་ནུས་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་པ”བརྗོད་དོན་གཙོ་བོར་བྱས་ནས་དྲ་རྒྱ་དང་། ཞབས་ཞུ། མཉེན་ཆས་སོགས་ཁྱབ་ཁོངས་ཀྱི་ཚོང་ལས་ལག་ལེན་དང་ཐོན་རྫས་ཀྱི་ཐག་གཅོད་ཇུས་གཞི་འགྲེམས་སྟོན་བྱས་པ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ《ཨ་ཧྥེ་རི་ཁའིAIཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་འབྲེལ་སྤྱི་བསྒྲགས》སྤེལ་ཡོད། ཧྭ་ཝེ་ལྷོ་ཨ་ཧྥེ་རི་ཁ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། ཧྭ་ཝེས་ཨ་ཧྥེ་རི་ཁར་འབྲེལ་མཐུད་ལག་རྩལ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྤྲིན་ཚོམ་དང་གྲངས་གཞི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ས་ཁོངས་ཀྱི་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་ཀྱི་ཡོད་ཅེས་བརྗོད།