བོད་བྱང་ཐང་དུ་གྲང་རླུང་ལྡང་ནས་སྐབས་འགར་བསྟུད་མར་ཟླ་ཕྱེད་ཙམ་ལྡང་གི་ཡོད། མི་སེར་ཚོས་གྲབས་གསོག་བྱས་པའི་གཟན་རྩྭ་རྫོགས་ལ་ཉེ་བ་དང་ཛ་དྲག་ངང་མཐུན་སྦྱོར་བྱས་པའི་གཟན་རྩྭ་ཏུན་20ད་དུང་འབྱོར་མེད་པ་མཐོང་སྐབས་ཁྲེང་སན་ཝུའུ་དངངས་འཚབ་སྐྱེས།
2024ལོའི་ཟླ་5པར། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ལས་བྱེད་པ་ཁྲེང་སན་ཝུའུ་ནེའུ་ཆུང་གྲོང་ཚོར་ཐེངས་དང་པོ་ཡོང་ཞིང་། ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་ཨང་དང་པོའི་འགན་གཅིག་ལྕོགས་འཁུར་བ་རེད།
བཅའ་སྡོད་བྱ་ཡུལ་ཞིང་འབྲོག་ཁུལ་དུ་ལས་དོན་ཚང་མར་སེམས་ཁུར་བྱེད་དགོས། ལས་ཁུངས་ནས་གཞི་རིམ་དུ་བསྐྱོད་པ་དེ་ལས་གནས་བསྒྱུར་བ་ཙམ་མིན་པར་ལས་དོན་སྤེལ་སྟངས་དང་བསམ་བློ་གཏོང་སྟངས་བསྒྱུར་བ་ཞིག་དེ་བས་རེད་ཅེས་ཁྲེང་སན་ཝུའུ་ཡིས་བརྗོད།
མཐིལ་རྟོགས་བརྟག་ཞིབ་བརྒྱུད་དམངས་འཚོའི་གནད་དོན་གྱི་གསལ་ཐོ་བཟོས་ནས་ལས་དོན་རུ་ཁག་གིས་ནོར་ལུག་ནི་འབྲོག་པའི་བརྟེན་ས་གཙོ་བོ་ཡིན་པ་དང་གཟན་རྩྭ་ནི་འབྲོག་ལས་འཕེལ་རྒྱས་ཡག་པོ་ཡོང་མིན་གྱི“གནད་འགག”ཡིན་པ་གསལ་པོར་རྟོགས།
“ཡུལ་དེའི་མང་ཚོགས་ལ་དགུན་དུས་གཟན་རྩྭ་གསོག་འཇོག་གི་གོམས་གཤིས་མེད་པར་རྩྭ་ར་ཁོ་ནར་བརྟེན་གྱི་ཡོད་པས”འབྲོག་པར་དགུན་དུས་གཟན་རྩྭ་གསོག་འཇོག་དང་དུས་ཐུང་རྒྱགས་གསོའི་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་བྱ་ཆེད། ལས་དོན་རུ་ཁག་གིས་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་བཏོན་ནས་གཟན་རྩྭ་དང་དཔེ་དེབ་ཁག་གཅིག་ཉོས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་དགུན་དུས་མཚན་མོའི་སློབ་གྲྭའི་གོ་སྐབས་སྤྱད་དེ་འབྲོག་པར་དེའི་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་གི་ཡོད། “སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་འཕེལ་རྒྱས་གལ་ཆེ་མཉམ་འཛིན་གྱི་བླང་བྱར་གཞིགས་ནས་ང་ཚོས་རྣམ་གྲངས་ཀྱི་གཙོ་གཉེར་སྡེ་ཚན་དང་སྦྲེལ་མཐུད་བྱས་ཏེ་མི་ཐབས་རྩྭ་འདེབས་ཀྱི་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི(འཚོ་རྟེན་ལས་སྤྲོད)རྣམ་གྲངས་རེ་ཞུ་བྱས་ཡོད”ཅེས་ཁྲེང་སན་ཝུའུ་ཡིས་འགྲེལ་བཤད་རྒྱག་བཞིན་བརྗོད།
“2024ལོར་ང་ཚོར་གཟན་རྩྭ་སོས་པ་ཏུན་2700དང་གཟན་རྩྭ་སྐམ་པོ་ཏུན་450བསྡུ་རྒྱུ་བྱུང་། དཔྱིད་ཀ་ཤར་རྗེས་ང་ཚོས་འདེབས་ཁྱོན་མུ་མཐུད་ཆེ་རུ་བཏང་བས་འདི་ལོ་གཟན་རྩྭ་དེ་བས་མང་བ་ཡོང་རྒྱུའི་ཡིད་ཆེས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དར་རྒྱས་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་ཆན་མོང་གིས་བརྗོད།
གྲོང་སྡོད་ལས་བྱེད་པ་ཁག་དང་ཁག་གིས་གཞི་རིམ་དུ་རྩ་བ་ཚུགས་ནས་རང་འགན་གཙང་སྒྲུབ་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་2011ལོའི་ཟླ་10པ་ནས་བཟུང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཚུན། སྔ་རྗེས་སུ་ལས་བྱེད་པ་ཁྲི་27.5གྲོང་སྡོད་ལས་དོན་ནང་ཞུགས་པར་མངགས་པ་དང་། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་200ལྷག་ཙམ་བཏང་ནས་གྲོང་ཚོ(སྡེ་ཁུལ)5594ལ་ཕན་པ་བསྐྲུན་ཡོད་པ་རེད།
ད་ཆ་ནེའུ་ཆུང་གྲོང་ཚོའི་འབྲོག་ལས་འཕེལ་རྒྱས་མྱུར་ལམ་དུ་བསྐྱོད་མོད། འོན་ཀྱང་ཁྲེང་སན་ཝུའུ་ཡིས་སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད། རྩྭ་འདེབས་དང་འབྲི་གཡག་གི་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་ནས་འབྲོག་ལས་ཐོན་རྫས་བྲིན་ཁ་རྒྱུག་པ་སོགས། ཤོག་ལྷེ་200ལྷག་ཙམ་གྱི་ཟིན་དེབ་ཐོག་ནེའུ་ཆུང་གྲོང་ཚོའི་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་80ལྷག་ཙམ་བཀོད་ཡོད།