ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མང་ཚོགས་ཚང་མའི་སེམས་ལ་ཟུག་པར་བྱེད་དགོས།

སྤེལ་དུས 2025-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  “ཡུལ་མི་སྤུན་ཟླ་ཚོ། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད་པས་ཏང་དང་རྒྱལ་ཁབ་ཀྱིས་ཁང་པ་གསར་པ་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་སྔར་བས་བརྟན་པོ་སྐྲུན་ངེས་ཡིན་པས་ཁྱེད་ཚོས་ཡིད་ཆེས་བྱེད་དགོས”གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་གྲོང་ཁུལ་གློག་འདོན་ཞབས་ཞུའི་ལྟེ་གནས་ཀྱི་གློག་རྒྱུན་མི་གཅོད་པར་ལས་སྒྲུབ་དང་གློག་འགན་སྲུང་པན་གྱི་པན་ཀྲང་གཞོན་པ་བཀྲ་ཤིས་ཉི་མས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་དང་། སྟབས་བདེའི་སྒྲོག་འགྲེལ་བྱ་ཡུལ་གྱི་མཐའ་འཁོར་དུ་མང་ཚོགས་བཅུ་ཕྲག་ཁ་ཤས་ཀྱིས་ནན་ཏན་ངང་ཉན་བཞིན་འདུག
  ཁོང་གི་སྒྲོག་འགྲེལ་ལ་དེ་གར་ཡོད་པའི་མང་ཚོགས་བློ་མགུ་པོ་བྱུང་ནས་མགོ་བོ་ལྕོག་ལྕོག་ཡང་ཡང་བྱས་ཏེ། ལ་ལས་ས་ཡོམ་བརྒྱབ་རྗེས་ཀྱི་ཀྲུང་གོའི་མྱུར་ཚད་སྐོར་གླེང་བ་དང་། ལ་ལས་ས་ཡོམ་བརྒྱབ་རྗེས་ཀྱི་རྒྱུན་གཏན་འཚོ་བའི་དྲོ་སྐྱིད་སྐོར་གླེང་བ།
  ལ་ལས་བསྐྱར་སྐྲུན་ལས་ཀའི་ཁྲོད་ཀྱི་རེ་འདུན་སྐོར་གླེང་བ་སོགས་ཚང་མས་རང་ཉིད་ཀྱི་བསམ་འཆར་ལྷུག་པོར་བརྗོད་བཞིན་མཆིས། བཀྲ་ཤིས་ཉི་མ་མི་ཚོགས་ཀྱི་ཁྲོད་དང་སྟབས་བདེའི་ཁང་པའི་ནང་དུ་བསྐྱོད་པ་དང་། ལག་ཏུ་བྲལ་མེད་འཁྱེར་བའི་ཟིན་བྲིས་དེབ་ཐོག་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཇི་མ་ཇི་བཞིན་དང་གསལ་གསལ་ཐིང་ཐིང་ངང་བྲིས་ནས་སླད་ཕྱིན་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག
  རྒྱལ་ཁབ་གློག་དྲ་ལྷ་རྩེ་རྫོང་གློག་འདོན་ཀུང་སི་དང་རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིའི་སྟབས་བདེའི་ཚོགས་ཁང་དུ་བཀྲ་ཤིས་ཉི་མས་ཀུང་སིའི་ལས་བཟོ་ཚོར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ནུས་རྒྱུ་གསར་པའི་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་སྐོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། གཞི་རིམ་འཐབ་ས་དང་པོར་འབད་བརྩོན་བྱེད་པའི་གློག་ཤུགས་ལས་དོན་མི་སྣས་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་བརྒྱབ་ནས་སླར་གསོ་བསྐྱར་སྐྲུན་ལས་དོན་ནང་ཧུར་ཐག་ཞུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་མགྱོགས་པོ་ཐུབ་པར་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
  སྒྲོག་འགྲེལ་མཇུག་འགྲིལ་ནས་ལྷ་སར་ལོག་སྐབས་བཀྲ་ཤིས་ཉི་མའི་ཟིན་བྲིས་སྔར་བས་མང་དུ་ཕྱིན་ཡོད། ཁོང་གིས“རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་རང་ཉིད་ནི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྱབ་སྤེལ་བྱེད་མཁན་ཡིན་པ་མ་ཟད། དེ་བས་ ཀྱང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནང་ཞུགས་མཁན་ཞིག་ཡིན། ངས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མང་ཚོགས་ཚང་མའི་སེམས་ལ་ཟུག་པར་བྱེད་ཀྱི་ཡིན”ཞེས་གསུངས།