ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཕེལ་ཁ་བཟང་།

སྤེལ་དུས 2025-04-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2025ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་717.21ཟིན་ནས་དུས་མཚུངས་ལས་7.9%འཕར་ཡོད།
     དེ་ཡང་ཞིང་ལས་ཐོན་སྐྱེད་བརྟན་པོ་ཡིན་པ་དང་ཞིང་ནགས་འབྲོག་གསུམ་དང་ཉ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་10.5འཕར་བ་དང་། ཤ་ཚལ་སྒོང་གསུམ་དང་དཀར་ཆུའི་ཐོན་ཚད་བརྒྱ་ཆ་23.1འཕར་བ། དེ་བཞིན་བཟོ་ལས་དཔལ་འབྱོར་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་ལས་17.9%འཕར་བ། མ་འཇོག་དང་འཛད་སྤྱོད་ཀྱི་གསོན་ཤུགས་མུ་མཐུད་འཕེལ་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་27.7%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་11.1%འཕར་བ་བཅས་བྱུང་ཡོད།
     གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་8.1འཕར་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། ཡུལ་སྐོར་ཁྲོམ་ར་མུ་མཐུད་འཁྲུག་ཏུ་ཕྱིན་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དུས་མཚུངས་ལས་11.7%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་11.1%འཕར་ཡོད་པ་རེད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་མུ་མཐུད་འཕར་བ་དང་། དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བརྒྱ་ཆ་5.9འཕར་ཡོད།
     ནོར་སྲིད་གཏོང་ཡོང་ཅུང་མགྱོགས་པོ་འཕར་བ་དང་། དངུལ་རྩའི་དངུལ་བུན་བརྟན་པོའི་ངང་འཕར་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་ལྡན་བྱུང་བ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་བརྒྱ་ཆ་12.4འཕར་ནས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
     གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་སྤྱིའི་གཞི་གདན་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལ་དམ་འཛིན་བྱེད་པ། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།