ད་ལོ་བོད་ལྗོངས་ཀྱི་སློབ་མ་ཁྲི་3.6མཐོ་རྒྱུཊ་ནང་ཞུཊ་ཡོད།
སྤེལ་དུས 2025-06-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
དེ་རིང་ནས་བཟུང་། 2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གཏོང་འགོ་ཚུགས་ཡོད། བོད་ལྗོངས་ཀྱི་སློབ་མ་ཁྲི་3.6གིས་ཕུགས་བསམ་སེམས་སུ་འཆང་ཞིང་། བློ་སྤོབས་དང་གདེང་ཚོད་ཆེན་པའི་ཐོག་ནས་མི་ཚེའི་ཚོད་བགམ་གལ་ཆེན་འདིར་བསུ་བ་ཞུ་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར། བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་བསྡོམས་རྒྱུགས་ཁུལ་10དང་རྒྱུགས་ཚུགས་41བཀོད་སྒྲིག་བྱས་ཡོད་པ་དང་། ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་6ཚེས་7ཉིན་ནས་ཚེས་9ཉིན་བར་ཡིན་པ་རེད། བོད་ལྗོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཕྱར་བ་གྲུ་འདེགས་བྱས་ཏེ། སྒྲིག་འཛུགས་འགོ་ཁྲིད་དང་བདེ་འཇགས་གསང་སྲུང་། དྲིལ་བསྒྲགས་ཞབས་ཞུ་སོགས་ཕྱོགས་གང་ས་ཅི་ཐད་ནས་མཐོ་རྒྱུགས་བདེ་བླག་ངང་གཏོང་ཐུབ་རྒྱུར་འགན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཏུ། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་རྒྱུགས་སྤྲོད་སློབ་མ་ཚོར་ཁུ་སིམ་ལ་བདེ་འཇགས་ལྡན་པའི་རྒྱུགས་སྤྲོད་ཁོར་ཡུག་ཅིག་བཏོད་ཡོད།
རྒྱུགས་རའི་ཕྱི་རོལ་དུ། ཁྱིམ་བདག་ཚོའི་འདྲེན་བྱེད་ཡུལ་ནས་རང་གི་ཕྲུ་གུར་བཅངས་པའི་སེམས་ཁུར་དང་རེ་སྒུག་མངོན་ཞིང་། ཡིག་རྒྱུགས་སྐབས་ནན་ཏན་བྱེད་དགོས་ཚུལ་ནན་མངག་བྱེད་པའམ་ཡང་ན་ཁུ་སིམ་མེར་རང་གི་ཕྲུ་གུའི་འགྲམ་དུ་འདུག་རོགས་བྱེད་པ་སོགས་གང་ལྟར་ཡང་ཁོང་ཚོས་རང་གི་ཕྲུ་གུར་བྱམས་བརྩེའི་མིག་ཟུང་དྲོན་མོས་སེམས་ཤུགས་སྦྱིན་བཞིན་ཡོད། སློབ་གྲྭ་སོ་སོའི་འབྲེལ་ཡོད་རྒན་ལགས་རྣམས་ཀྱང་སྔ་ས་ནས་རྒྱུགས་རར་ཕེབས་ཏེ། སློབ་མ་ཚོར་ཆེས་མཇུག་མཐའི་སྐུལ་ལྕག་དང་སྨོན་འདུན་བཟང་པོ་ཞུ་བཞིན་ཡོད། སེམས་འཚབ་བྱེད་དགོས་པ་མ་རེད། རྒྱུན་ལྡན་གྱི་ཆུ་ཚད་མངོན་ན་འགྲིག་པ་རེད་ཅེས་རྒན་ལགས་ཀྱི་བཀའ་མོལ་དེས་སློབ་མ་ཚོའི་སེམས་པ་ལྷོད་དུ་གཏོང་ཐུབ་ཡོད།
སྙིང་ཉེ་བའི་རྒྱུགས་སྤྲོད་སློབ་མ་ཚོ། ཁྱེད་ཚོས་སེམས་ཀྱི་རྡོག་ཁྲེས་ས་ལ་ཕབ་ནས། མཐོ་རྒྱུགས་དེ་རང་གི་དཔའ་རྩལ་ངོམས་པའི་གོ་སྐབས་ཤིག་ལ་བརྩིས་ཏེ་རྒྱུགས་ཤོག་གི་རྩྭ་ཐང་ཡངས་པོར་སྨྱུག་རྩེའི་བང་རྩལ་གང་ཡོད་ངོམས་པས་ཆོག ཤུགས་རྒྱོབས། །