ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་སུ“གཅེས་སེམས་རྒྱུགས་སྐྱེལ”རླངས་འཁོར་169བཀོད་སྒྲིག་བྱས།

སྤེལ་དུས 2025-06-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ་6པའི་ཚེས་5ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཧེང་ཨན་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི། དེ་བཞིན་བོད་ལྗོངས་ཧྲུན་ཏའོ་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་མཐོ་རྒྱུགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱེལ་བྱ་ཆེད། མཐོ་རྒྱུགས་རིང་། ལྷ་སར་མཐོ་རྒྱུགས་ལ་ཞུགས་པའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་ལག་ཁྱེར་ལ་བརྟེན་ནས“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་གླ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་ལ་རིན་མེད་ངང་སྡོད་ཆོག་གི་ཡོད།
གླ་གཏོང་རླངས་འཁོར་ལ་རྒྱུགས་སྤྲོད་སློབ་མས་སྔོན་ལ་དུས་ཆད་ཁ་པར་རྒྱག་ཆོག
     སྤྱི་ཟླ་6པའི་ཚེས་5ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་ཧེང་ཨན་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གླ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ལྷ་སར་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་གླ་གཏོང་རླངས་འཁོར་དང་བླངས་ཞབས་ཞུའི་རུ་ཁག་གི་གླ་གཏོང་རླངས་འཁོར་49སྒྲིག་འཛུགས་བྱས་ཏེ། “གཅེས་སེམས་ རྒྱུགས་སྐྱེལ། རྒྱུགས་འཕྲོད་འབྲས་སྨིན”ཞེས་པའི་མཚོན་རྟགས་གཅིག་སྡུད་ཐོག་སྦྱར་ནས་གཅེས་སེམས་རྒྱུགས་སྐྱེལ་བྱེད་སྒོར་ཞུགས་ཡོད། གོང་གསལ་གྱི་ཀུང་སིས་ལོ་ལྟར་ལག་རྩལ་བྱང་ཆ་ལྡན་པ་དང་ཞབས་ཞུའི་འདུ་ཤེས་བཟང་བའི་ཁ་ལོ་བ་ཁག་གཅིག་བདམས་ནས“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱེད་སྒོའི་ནང་ཞུགས་ཀྱི་ཡོད།
      ལྷ་སར་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་གླ་གཏོང་རླངས་འཁོར་དང་བླངས་ཞབས་ཞུ་རུ་ཁག་གི་རུ་དཔོན་ཁྲང་ཧའེ་སེང་གིས་2016ལོ་ནས་བཟུང་།  ང་རང་མཐོ་རྒྱུགས་ཀྱི་ གཅེས་སེམས་རྒྱུགས་སྐྱེལ་ཞེས་པའི་བྱེད་སྒོར་ཞུགས་འགོ་བཙུགས་ནས་ད་བར་ལོ་བཅུ་ཕྱིན་སོང་ཞེས་གསུངས་པ་རེད། ཁྲང་ཧའེ་སེང་གིས་ཕྱིར་དྲན་སྦྲག་ལོ་ཞིག་ལ་རང་ཉིད་ཀྱིས་གླ་གཏོང་རླངས་འཁོར་བཏང་ནས་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་ཞིག་དུས་ཐོག་ཏུ་རྒྱུགས་སར་བསྐྱལ་བ་ཡིན། མཐོ་རྒྱུགས་མཇུག་འགྲིལ་རྗེས། རྒྱུགས་སྤྲོད་སློབ་མ་དེས་ང་རང་ལ་ཆེད་མངགས་ཁ་པར་བརྒྱབ་ནས་རང་ཉིད་ཕུགས་བསམ་ཁྲོད་ཀྱི་སློབ་ཆེན་དུ་རྒྱུགས་འཕྲོད་སོང་ཞེས་བརྗོད་བྱུང་ཞེས་གསུངས།
      སྐུ་ཞབས་མཱ་ལགས་ཀྱིས་གླ་གཏོང་རླངས་འཁོར་བཏང་ནས་ལོ་བཅུ་ལྷག་ཙམ་ཕྱིན་པ་དང་།  འདི་ལོ་ཁོང་ཡང“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱེད་སྒོར་ཞུགས་ཡོད། སྐུ་ཞབས་མྰ་ལགས་ཀྱིས་ད་ལོའི་ལྷ་སར་ཆུང་རྒྱུགས་དང་། འབྲིང་རྒྱུགས། མཐོ་རྒྱུགས་བཅས་ཀྱི་སྐབས་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་ལག་ཁྱེར་ལ་བརྟེན་ནས“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་རླངས་འཁོར་ལ་རིན་མེད་ངང་བསྡད་ཆོག གལ་ཏེ་རྒྱུགས་སྤྲོད་སློབ་མར་རླངས་འཁོར་སྡོད་པའི་དགོས་མཁོ་ཡོད་ན། ཁ་པར་ཨང་གྲངས་13322519819ལ་ཁ་པར་བརྒྱབ་ནས་སྔོན་ལ་རླངས་འཁོར་ལ་སྡོད་པའི་ཁ་ཆད་བྱས་ཆོག “གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱེད་སྒོར་ཞུགས་པའི་རླངས་འཁོར་ཚང་མས་རླངས་འཁོར་གྱི་གནས་ཚུལ་ཡག་པོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། རླངས་འཁོར་ཐོག་རྒྱུགས་སྤྲོད་སློབ་མར་གཏེར་ཆུ་གྲ་སྒྲིག་བྱས་ཡོད། ཁ་ལོ་བས་ཐོག་མཐའ་བར་གསུམ་དུ་རླངས་འཁོར་གྱི་རྣམ་པ་གཙང་དག་དང་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ་དང་། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེ་འཇགས་དང་སྐྱིད་སྣང་དོད་པའི་རླངས་འཁོར་ལ་སྡོད་པའི་ཁོར་ཡུག་ཅིག་བསྐྲུན་ནས་འགྲོ་འོང་བྱེད་མཁན་རྒྱུགས་སྤྲོད་སློབ་མ་སྲུང་སྐྱེལ་བྱ་རྒྱུ་ཡིན་པ་རེད།
      ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེན་རྟོག་པ་ཉི་མས། མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བཞིན་ཡོད། གླ་གཏོང་རླངས་འཁོར་ཁེ་ལས་ཀྱི་ཞབས་ཞུའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་སོང་བ་དང་། མཐོ་རྒྱུགས་རྒྱུགས་སྤྲོད་སློར་མར་སྲུང་སྐྱེལ་བྱ་ཆེད། རུ་ཁག་དེས་སྔོན་ལ་གླ་གཏོང་རླངས་འཁོར་ཀུང་སི་དང་འབྲེལ་བ་བྱས་ཏེ། “གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱ་སྤྱོད་གསོ་སྦྱོང་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཕུགས་འདུན་གྱི་ཆེད་དུ་འབད་པ་བྱས་ཏེ། རྒྱུགས་འཕྲོད་འབྲས་སྨིན་ཡོང་བར་རོགས་རམ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
དྲ་འབོད་རླངས་འཁོར་གྱིས“གཅེས་སེམས་རྒྱུགས་སྐྱེལ”རླངས་འཁོར་120 སྒྲིག་འཛུགས་བྱས་པ།
     བོད་ལྗོངས་ཧྲུན་ཏའོ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝེ་མེ་ཡིས། ད་ལོ་ང་ཚོས་དྲ་འབོད་རླངས་འཁོར་120སྒྲིག་འཛུགས་བྱས་ནས“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱེད་སྒོར་ཞུགས་ཡོད། རླངས་འཁོར་དེ་དག་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་ལམ་བུའི“ལྷག་བསམ་རོགས་ཟླར”གྱུར་ནས་ཁོང་ཚོ་བདེ་འཇགས་དང་དུས་ཐོག་ཏུ་རྒྱུགས་རར་སླེབས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད།
     རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་དྲ་འབོད་རླངས་འཁོར་ངོས་འཛིན་སྟབས་བདེ་ཡོང་ཆེད། ཁ་ལོ་བ་ཚོས་དྲ་འབོད་རླངས་འཁོར་སྟེང་དུ“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་མཚོན་རྟགས་སྦྱར་ཡོད། དེ་དང་ཆབས་ཅིག་ཀུང་སི་དེས་ད་དུང་དྲ་འབོད་རླངས་འཁོར་ལྷ་སའི་གྲོང་ཁུལ་གྱི་རྒྱུགས་སྤྲོད་བྱ་ཡུལ་ཆེ་གྲས་ཁག་གི་ཕྱི་རོལ་དུ་ལས་རེས་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད། གལ་ཏེ་རྒྱུགས་སྤྲོད་སློབ་མས་ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་ལག་ཁྱེར་འཁྱེར་རྒྱུ་བརྗེད་ཚེ།  གནས་ཡུལ་དུ་སོང་ནས་རོགས་སྐྱོར་བྱས་ཆོག ལས་དོན་མི་སྣས་འཕྲལ་མར་རླངས་འཁོར་བཀོད་སྒྲིག་བྱས་ནས་རྒྱུགས་སྤྲོད་སློབ་མ་སྐྱེལ་རྒྱུ་ཡིན་པ་རེད།
     མཐོ་རྒྱུགས་སྐབས། རྒྱུགས་སྤྲོད་སློབ་མས་མཚོན་རྟགས་དེ་རིགས་སྦྱར་བའི་དྲ་འབོད་རླངས་འཁོར་མཐོང་ཚེ། དུས་དང་རྣམ་པ་ཀུན་ཏུ་རྒྱུགས་སྤྲོད་ལག་ཁྱེར་ལ་བརྟེན་ནས་རིན་མེད་ངང་རླངས་འཁོར་དུ་བསྡད་ཆོག གལ་ཏེ་རྒྱུགས་སྤྲོད་སློབ་མར་ཛ་དྲག་གི་གནས་ཚུལ་འཕྲད་ཚེ། ཁ་པར་ཨང་གྲངས་0891-6391111ལ་ཁ་པར་རྒྱག་ཆོག་པ་དང་། ཀུང་སི་དེས་ཛ་དྲག་ངང་རླངས་འཁོར་བཀོད་སྒྲིག་བྱས་ནས་རྒྱུགས་སྤྲོད་སློབ་མ་རིན་མེད་བསུ་སྐྱེལ་གྱི་ཞབས་འདེགས་ཞུ་རྒྱུ་རེད།
     ཝེ་མེ་ཡིས།  ལོ་མང་རིང་བོད་ལྗོངས་ཧྲུན་ཏའོ་ཚན་རྩལ་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་རྒྱུན་འཁྱོངས་བྱས་ནས་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་བཞིན་ཡོད། ད་ཐེངས་ཀྱི་“གཅེས་སེམས་རྒྱུགས་སྐྱེལ”ཞེས་པའི་བྱེད་སྒོ་དེས་རྒྱུགས་སྤྲོད་སློབ་མར་སྟབས་བདེ་མཁོ་འདོན་བྱས་ཡོད་པ་མ་ཟད། སྤྱི་ཚོགས་ལ་དྲོ་སྐྱིད་དང་དྲང་ཕྱོགས་ཀྱི་ནུས་ཤུགས་ཀྱང་བརྒྱུད་སྤྲོད་བྱས་ཡོད། ཐེངས་འདིའི་བྱེད་སྒོ་བརྒྱུད། རྒྱུགས་སྤྲོད་སློར་མར་དེ་བས་ལེགས་པའི་རྒྱུགས་སྤྲོད་ཆ་རྐྱེན་བསྐྲུན་ནས་ཁོང་ཚོས་ལྷོད་ཡངས་དང་བག་ཕེབས་ངང་མཐོ་རྒྱུགས་བསུ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།