ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྒོ་རྩར་སྨན་བཅོས་ལེགས་པར་ཐུབ། མང་ཚོགས་སེམས་པ་ལྷོད་ལ་བབས།

སྤེལ་དུས 2025-06-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྨན་བཅོས་གཅིག་མཐུན་ཚོགས་པ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག འབྲི་རུ་རྫོང་མི་དམངས་སྨན་ཁང་སྨན་བཅོས་ཚོགས་པ་བན་དཀར་ཡན་ལག་སྨན་ཁང(གཤམ་དུ་བན་དཀར་ཡན་ལག་སྨན་ཁང་ཞེས་བསྡུ་རྒྱུ)འདི་ཉིད་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། སྨན་བཅོས་ལག་རྩལ་ཚད་བརྒལ་ཡོང་བ་སོགས་ཀྱི་ཐད་ངོ་བོའི་འགྱུར་ལྡོག་བྱུང་ནས“སྨན་པ་བསྟེན་དཀའ་བ་དང་། སྨན་རིན་མཐོ་བའི”གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད།
  ཉེ་ཆར། གསར་འགོད་པ་བན་དཀར་ཡན་ལག་སྨན་ཁང་དུ་སྐྱོད་སྐབས། དེ་གར་སྨན་པ་བསྟེན་པར་འོང་བའི་ནད་པ་གོ་རིམ་ལྡན་པའི་བང་བསྒྲིགས་ནས་སྨན་པ་སྒུག་བཞིན་པ་མཐོང་བྱུང་། “ཤང་གི་སྨན་བཅོས་སྒྲིག་ཆས་འཐུས་སྒོ་ཚང་པོ་འདུག སྨན་དོན་མི་སྣའི་ལག་རྩལ་དང་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག་པས། ད་ནི་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩར་ནད་གཞི་མང་པོ་བཅོས་ཐུབ་ཀྱི་འདུག”ཅེས་བན་དཀར་ཤང་གི་མང་ཚོགས་སྟོབས་རྒྱལ་གྱིས་སྨན་བཅོས་ཀྱི་དམངས་ཕན་སྲིད་ཇུས་ལ་བསྔགས་བརྗོད་ཚད་མེད་བྱེད་བཞིན་བཤད།
  “ད་ཆ་ཉིན་ལྟར་སྨན་པ་བསྟེན་པར་འོང་མཁན་ནད་པ་སུམ་ཅུ་བཞི་བཅུ་ཙམ་འདུག”ཅེས་བན་དཀར་ཡན་ལག་སྨན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། ཁོང་གིས་2024ལོར་སྨན་ཁང་གིས་མང་ཚོགས་མི་ཐེངས་16470ལ་ཞབས་འདེགས་ཞུས་ནས་ཞབས་འདེགས་ཞུ་ཚད་94.2%འཕར་བ་དང་། ལྷག་པར་དུ་བོད་སྨན་སྒོ་བསྟེན་སྨན་ཁང་དུ་ནད་པ་བསྟེན་ཚད་དེ་སྔའི་མི་ཐེངས་269ནས་3891བར་མགྱོགས་མྱུར་འཕར་བ་དང་། སྨན་ཁང་སྒྱུར་ཚད་དེ་སྔའི་12.66%ནས་5.7%བར་ཆག་པ་མ་ཟད། སྨན་བཅོས་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཡང་མངོན་གསལ་གྱིས་ཆེ་རུ་སོང་ནས་ཉེ་འཁོར་ས་ཁུལ་ལ་སྨན་བཅོས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
  སྨན་བཅོས་གཅིག་མཐུན་ཚོགས་པ་སྒྱུར་བཅོས་ཀྱི་བྱ་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད་འབྲི་རུ་རྫོང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཅིག་མཐུན་ཚོགས་པའི་སྤྱི་འདོམས་འཆར་འགོད་ལ་བརྟེན་ནས་བན་དཀར་ཡན་ལག་སྨན་ཁང་ལ་རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་ནུས་པ”དང་ཤེས་ལྡན་པ་དང་ལག་རྩལ་གྱི“མཉེན་ཆས་ནུས་པ”གཉིས་ཀ་ཐོན་ནས་དཔུང་པ་མཉམ་གཤིས་ངང་མཉམ་སྐྱོད་ཐུབ་ཡོད།
  བན་དཀར་ཡན་ལག་སྨན་ཁང་དུ་སྐྱོད་སྐབས། དེར་ཕྱི་ལུགས་གསོ་རིག་གི་སྒོ་བསྟེན་དང་བོད་སྨན་སྒོ་བསྟེན་སོགས་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་ཁུལ་འདྲེན་བྱེད་ཡུལ་དུ་སྣང་འོང་། དེ་གར་རྫས་འགྱུར་བརྟག་དཔྱད་ཡོ་ཆས་དང་། Bསྒྲ་རླབས། DR (གྲངས་གཞི་ཅན་གྱི་Xའཕྲོ་ཐིག་པར་ལེན་མ་ལག) གཤགས་བཅོས་ཁང་སོགས་སྔོན་ཐོན་གྱི་སྒྲིག་ཆས་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་ཕུད། ད་དུང་སྨན་ཁང་འདིར་སྔར་ཡོད་ཀྱི་བོད་སྨན་ཁང་གི་རྨང་གཞིའི་ཐོག་སྒྱུར་བཀོད་བྱས་ཏེ་བོད་སྨན་གྱི་ཕྱི་བཅོས་སྡེ་ཁག་དང་ལུམས་བཅོས་ནད་ཁང་བཙུགས་པ་མ་ཟད། བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཡོ་ཆས་སྣ་ཚོགས་སྒྲིག་སྦྱོར་བྱས་པས་ཕྱི་བཅོས་དང་། གསེར་ཁབ། འཕུར་མཉེད། གཏར་ཁ་རྒྱག་པ་སོགས་ཀྱི་ཞབས་འདེགས་ཀྱང་ཞུ་ཐུབ་ཀྱི་ཡོད།
  ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། བན་དཀར་ཡན་ལག་སྨན་ཁང་ལ་སྨན་དོན་པ་19ཡོད་པའི་ཁྲོད་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་ཡོད་པའི(ལས་རོགས)སྨན་པ་3དང་། ལས་གཉེར་ལག་ཁྱེར་ཡོད་པའི་སྨན་གཡོག་དང་སྨན་སྦྱོར་བ་སོགས་7ཡོད་པས་སྨན་བཅོས་ཤེས་ལྡན་པའི་རྗེས་གྲབས་དཔུང་ཁག་ཅིག་སྤྱིར་ན་ཆགས་ཟིན་ཡོད།
  “སྤྲིན་ཚོམ”གྱིས་བན་དཀར་ཡན་ལག་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ལྡན་གྱི་རྒྱབ་སྐྱོར་ཡོང་བར་མཉམ་ལས་བྱས་པས་ནད་བརྟག་སྨན་བཅོས་ཀྱི་ཁྱབ་རྒྱ་ཤུགས་ཆེར་ཕྱིན་ཞིང་། ཡན་ལག་སྨན་ཁང་གིས་འབྲི་རུ་རྫོང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཅིག་མཐུན་ཚོགས་པའི“སྤྲིན་ཚོམ་ནད་དཔྱད་ཁང”གི་ལས་སྟེགས་སྦྲེལ་བས་བརྟག་དཔྱད་ཞིབ་བཤེར་བྱས་འབྲས་རྗོང་དང་ཤང་གཉིས་དབར་ཕན་ཚུན་ཁས་ལེན་ཐུབ་པ་མ་ཟད། རྒྱང་བསྟེན་ནད་དཔྱད་མ་ལག་དང་ཉིང་པོའི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་བརྒྱུད་སྐབས་བསྟུན་ངང་དྲ་ལམ་སྦྲེལ་ནས་རྙོག་འཛིང་ཆེ་བའི་ནད་གཞི་མཉམ་དུ་ནད་བརྟག་སྨན་བཅོས་མངོན་འགྱུར་བྱུང་ཡོད། མིག་སྔར། བན་དཀར་ཡན་ལག་སྨན་ཁང་གིས་རྨེན་ཤུར་གཉན་ཚད་གཤགས་བཅོས་སོགས་གཤགས་བཅོས་ཆུང་རིགས་བྱེད་ཐུབ་ཀྱི་ཡོད།
  གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་ཐང་དང་བདེ་རྩར་ཐུག་ལ། གྲོང་གསེབ་དར་རྒྱས་བརྟན་པོ་ཡོང་བའི་བདེ་ཐང་གི་རྨང་རྡོ་ལྟ་བུའང་ཡིན་པས། གོམ་སྟབས་རྗེས་མར། འབྲི་རུ་རྫོང་གིས་སྨན་བཅོས་གཅིག་མཐུན་ཚོགས་པ་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཤམ་འོག་ལ་ཕྱོགས་ཏེ་ཤང་དང་གྲོང་རྡལ་སྔར་བས་མང་བར་ཁྱབ་ཐུབ་པར་བྱས་ནས“ནད་གཞི་ཆུང་ངུ་ཤང་ནས་བཅོས་ཐུབ་པའི”འཆར་འགོད་ཀྱི་འདུན་པ་རིམ་པས་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།