—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ཀ་ལ་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོར་དྲོ་སྐྱིད་རབ་ཏུ་ཚོར་ཞིང་སྐུལ་མ་ཆེན་པོ་ཐེབས་པ།
འདི་ནི་2023ལོའི་ཟླ་བ་3པར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཀ་ལ་གྲོང་ཚོའི་ཟུར་ཞིག་ཡིན་པ། (དཔྱད་གཞིའི་པར་རིས)
“སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་འདུག”
“སྤྱི་ཁྱབ་ཧྲུའུ་ཅི་བཀྲ་ཤིས་བདེ་ལེགས”
དབྱར་གཞུང་དུ་མི་སེམས་ལ་སྐུལ་མ་ཐེབས་པའི་གནས་ཚུལ་ཞིག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གང་སར་ཁྱབ། གྲོང་ཚོ་ཧྲིལ་པོ་སྤྲོ་སྣང་ཚད་མེད་ཁེངས་ཤིང་། སེམས་འགུལ་ཆེན་པོ་ཐེབས་པའི་གྲོང་མིའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། དྲོ་སྐྱིད་ལྡན་པའི་རྣམ་པ་དེ་ནི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་རི་ཁུག་དེར་ཉི་འོད་རབ་ཏུ་འཕྲོས་པ་ལྟར་སྣང་།
ཟླ་བ་དྲུག་པའི་ཉང་ཆུ་གཙང་པོའི་ངོགས་སུ་ལྗོན་ཤིང་གི་ལོ་འདབ་རབ་ཏུ་རྒྱས། རི་ཚོགས་ཀྱིས་བསྐོར་བའི་ཁྲོད་དུ་ཡུལ་མིའི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོས་གནས་པ་དེ་ནི“ཁམ་བུའི་མེ་ཏོག་གྲོང་ཚོའི”མཚན་སྙན་ལྡན་པའི་ཀ་ལ་གྲོང་ཚོ་རེད།
འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། དགའ་སྤྲོ་རབ་ཏུ་འཁོལ་བའི་ཉིན་མོ་འདིར། ཀ་ལ་གྲོང་ཚོའི་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩེ་བས་ཕྱུག་པའི་འཕྲིན་ཡིག་ཅིག་སྤྲིངས་ནས་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་སྙན་སེང་ཞུས་པ་དང་སྦྲགས། དྲིན་ཚོར་མདུན་སྐྱོད་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་མཚོན་པར་བྱས།
དུས་ཡུན་རིང་པོ་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར། གཏམ་བཟང་འདི་ཐོས་མ་ཐག གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྲོང་ཚོར་ཕེབས་མྱོང་ཡོད། ཉིན་དེ་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་སྤྲོ་ཆེན་པོས་བསུ་བ་ཞུ་སྐབས་སུ། ཚང་མའི་སེམས་ལ་འཕྲིན་ཡིག་ཅིག་བསྐུར་ནས་སྤྱི་ཁྱབ་ཧྲུའུ་ཅིར་ད་ཆའི་བདེ་སྐྱིད་རབ་ཏུ་ལྡན་པའི་འཚོ་བའི་སྐོར་སྙན་སེང་ཞུ་འདོད་བྱུང་བས་འཕྲིན་ཡིག་བསྐུར་བ་ཡིན། འོན་ཀྱང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་ཡོང་སྙམ་པ་རྨི་ལམ་དུའང་འཁོར་མྱོང་མེད། འཕྲིན་ལན་འབྱོར་བ་ལས་ང་ཚོར་གཟི་བརྗིད་ལྡབ་བརྒྱ་ཚོར་བ་དང་སྤོབས་སེམས་ཧ་ཅང་ཆེན་པོ་སྐྱེས་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།
ཟླ་6ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆེད་མངགས་ཀ་ལ་གྲོང་ཚོར་ཕེབས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་ནས་ཚང་མ་དང་མཉམ་དུ་སློབ་སྦྱོང་དང་། གོ་བ་ལེན་པ། རྒྱང་ལྟ་བཅས་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེ་དྲོ་སྐྱིད་ལྡན་པའི་ཉི་འོད་དང་འདྲ་བར་ཡུལ་མི་ཚང་མའི་སེམས་སུ་འཕྲོས་ཤིང་། ཚང་མས་2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཀ་ལ་གྲོང་ཚོར་ཕེབས་ནས་ཡུལ་མི་ལྷན་དུ་འཚོ་བའི་སྐོར་གླེང་གནང་བར་སླར་ཡང་ཕྱིར་དྲན་བྱས།
མིག་ཡུད་ཙམ་ཞིག་ལ་ལོ་བཞི་སོང་ཞིང་། ལོ་བཞི་ཡི་རིང་ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་པ་ལས། དེ་སྔའི་ཕུགས་འདུན་དང་རེ་སྒུག་མིག་མདུན་གྱི་མཛེས་སྡུག་ལྡན་པའི་འཚོ་བར་གྱུར།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཀ་ལ་གྲོང་ཚོས་དུས་རབས་ཀྱི་གོ་སྐབས་ལ་ཧུར་ཐག་བསྟུན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད།
2024ལོར་ཀ་ལ་གྲོང་ཚོས་ཧང་སངས་དགོས་པའི་གྲུབ་འབྲས་གསལ་ཐོ་ཞིག་ཕུལ་བ་སྟེ། གྲོང་གསེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1402ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་700ཡི་འགག་སྒོ་ཆེ་མོ་ལས་བརྒལ་ནས་2021ལོ་དང་བསྡུར་ན་བཅུ་ཆ་བཞི་འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.12ཟིན་ནས་2021ལོ་ལས་སྒོར་5000ལྷག་ཙམ་འཕར་ཡོད། སྲོལ་རྒྱུན་འདེབས་གསོ་དང་སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་འཚོ་ཐབས་བྱེད་མཁན་གྱི་དེ་སྔའི་ཀ་ལ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ནས་མཛེས་ཉམས་གསར་པ་ཞིག་མངོན་ཞིང་། ཡུལ་མི་ཚོར་ཡོང་འབབ་ཇེ་མང་དུ་སོང་བ་དང་གདེང་ཚོད་ཇེ་ཆེར་ཕྱིན་ཡོད།
“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད” སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཉན་བཞིན་གྲོང་ཚོ་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེར་སེམས་འགུལ་ཆེན་པོ་ཐེབས། དེང་གི་བདེ་སྐྱིད་ནི་ཏང་གི་སྲིད་ཇུས་བཟང་པོ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་ཡིན་པ་ཁོང་གིས་གསལ་པོར་ཤེས་ཀྱི་ཡོད། ཁོང་གིས“ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཕྱུག་པོ་ཆགས་རྗེས་གུང་ཁྲན་ཏང་བརྗེད་མི་རུང་། ད་ཆ་གང་དུ་བསྐྱོད་ཀྱང་ཡུལ་མི་ཚོས་སྤོབས་པ་ཆེན་པོས‘དེང་གི་འཚོ་བ་ཡག་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་འགོ་ཁྲིད་གནང་བའི་འབྲས་བུ་རེད’ཅེས་བརྗོད་ཀྱི་ཡོད། སླད་ཕྱིན་ངས་སྲིད་ཇུས་སྒྲོག་འགྲེལ་པ་ཡག་པོ་བྱས་ཏེ་ཀ་ལ་གྲོང་ཚོའི་གཏམ་རྒྱུད་དང་། ཉིང་ཁྲིའི་གཏམ་རྒྱུད། བོད་ཀྱི་གཏམ་རྒྱུད་བཅས་ས་ཐག་དེ་བས་རིང་བའི་སར་ཁྱབ་པར་བྱེད་པ་དང་མི་དེ་བས་མང་བས་བོད་ཀྱི་འཕོ་འགྱུར་ཆེན་པོར་བདེན་དཔང་བྱེད་དུ་འཇུག་གི་ཡིན”ཞེས་བློ་རྩ་བརྟན་པོས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས། དེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་དུས་ཀྱི་རྩ་ཆེ་བའི་དུས་སྐབས་དེ་དྲན་ནས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“2021ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་ཀ་ལ་གྲོང་ཚོར་ཕེབས་ནས་ང་ལ་ཐུགས་སྣང་གཤིན་པོའི་སྒོ་ནས་བཀའ་མོལ་གནང་བྱུང་། 2024ལོའི་ཟླ་དགུ་པར། ང་རང་པེ་ཅིང་དུ་ཚོགས་འདུར་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས‘རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ’ཀྱི་གཟེངས་རྟགས་ང་ལ་གནང་བ་དང་སྦྲགས། ཀ་ལ་གྲོང་ཚོའི་འཕེལ་རྒྱས་གནས་ཚུལ་ཐུགས་བརྩེ་བ་ཆེན་པོས་བཀའ་འདྲི་གནང་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོར་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དེ་ང་ཚོས་མ་བརྗེད་ཡིད་ལ་བརྟན་པོར་ངེས་ཀྱི་ཡིན། མ་འོངས་པར་རྒྱང་ལྟ་བྱས་ཚེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་ཐོག་གྲོང་ཚོ་ཚན་ཁག་ཨུ་ལྷན་གཉིས་དང་ཏང་ཡོན་མང་ཚོགས་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཀ་ལ་གྲོང་ཚོ་འདི་ཉིད་སྐྱེ་ཁམས་གནས་འཕྲོད་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་དཔེ་མཚོན་གྲོང་ཚོ་ཞིག་ཏུ་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་བརྗོད།
ལོ་འདི་དག་རིང་། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ཡོད། ཡུལ་མི་ཚེ་རིང་དབང་རྒྱལ་གྱི་བུ་མོ་2022ལོར་ཀོང་ཏུང་ཧུའེ་ཀྲོའུ་གྲོང་ཁྱེར་དུ་རྒྱུགས་འཕྲོད། བུ་མོའི་སྐོར་གླེང་སྐབས་ཚེ་རིང་དབང་རྒྱལ་གྱིས་སྤོབས་པ་ཆེན་པོས“བུ་མོ་ཕྱི་ལ་ཕྱིན་ནས་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་གནས་ལུགས་མང་པོ་རྟོགས་པ་མཐོང་སྐབས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཐོང་གི་འདུག བུ་མོས་རྟག་ཏུ་ང་ཚོར་མེས་རྒྱལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་བརྗོད་ཀྱི་འདུག དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་བདེ་རྩ་རེད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”ཞེས་བརྗོད།
ལག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་བཟུང་སྟེ་བཀའ་མངགས་ཟབ་མོ་བློ་ལ་ངེས། “ཁམ་བུའི་མེ་ཏོག་གྲོང་ཚོའི”ཡུལ་མི་ཚོའི་བཞིན་གྱི་འཛུམ་མདངས་དཔྱིད་དུས་སུ་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་དང་གཉིས་སུ་མ་མཆིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བཞིན་ང་ཚོས་ཕྱར་བ་གྲུ་འདེགས་དང་དྲིན་ཚོར་མདུན་སྐྱོད་བྱས་ཚེ། དུས་རབས་གསར་པའི་བཀྲག་མདངས་འཚེར་བའི་ཉི་འོད་འོག མི་ཡུལ་གྱི་ཁམ་བུའི་སྐྱེད་ཚལ་ཞེས་གྲགས་པའི་ཀ་ལ་གྲོང་ཚོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།