“རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། ‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཡར་སྐུལ་ཐེབས་པ་ཞིག་ཡོད་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གིས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། བློ་སེམས་གཅིག་མཐུན་དང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་ཀྱི་ཡིན་ཞེས་བརྗོད།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་ཀ་ལ་གྲོང་ཚོར་ཕེབས་ནས་གྲོང་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་སྐུལ་འདེད་གཏོང་བ་སོགས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་གྲོང་ཚོའི་ལོ་བཞིའི་རིང་གི་འགྱུར་ལྡོག་གསར་པ་སྙན་སེང་ཞུས་ཏེ། འབད་འབུངས་དྲིན་ཚོར་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་མཚོན་འདོད་ཆེན་པོ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་འབུལ་རྒྱུའི་གྲོས་འགོ་འདོན་མཁན་གྱི་གྲས་ཤིག་ཡིན་པའི་ཀ་ལ་གྲོང་ཚོའི་གྲོང་མི་ཉི་མ་རྡོ་རྗེས་བརྗོད་པ་དང་། ཁོང་གིས། ཡུལ་མི་ཚོ་དང་མཉམ་དུ་མུ་མཐུད་བློ་སེམས་གཅིག་མཐུན་ངང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་དངོས་སྒྲུབ། འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་སྔར་བས་ལེགས་པར་གཏོད་པ་དང་ཐུན་མོང་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པར་བསྐྲུན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་གཏོང་གི་མིན་ཞེས་བརྗོད།
ལོ་བཞིའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རང་ཁྱིམ་དུ་སྐུ་མགྲོན་ལ་ཕེབས་ནས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་རྟོག་ཞིབ་ལ་ཕེབས་སྐབས་གསུངས་པའི་བཀའ་མོལ་དག་ལས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་ལ། ད་ཐེངས་ཀྱི་འཕྲིན་ལན་དེས་ང་ཚོར་དེ་བས་ལྕག་སྐུལ་ཐེབས་བྱུང་། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་ང་ཚོས“ཁམ་བུའི་མེ་ཏོག་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་བས། གྲོང་ཚོའི་འགྲོ་ལམ་དེ་བས་ཡངས་སུ་ཕྱིན་པ་དང་། ཡུལ་ལྗོངས་དེ་བས་མཛེས་སུ་ཕྱིན་པ། ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་པ་མ་ཟད། ཚང་མའི་ཡོང་འབབ་ཀྱང་དེ་བས་མང་དུ་དང་འཚོ་བ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བས། སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་གཟིགས་པར་ཕེབས་རྒྱུའི་རེ་བ་ཡོད”ཅེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པར་འགན་འཁྲི་ལྕི་པོ་ཚོར་ཞིང་། ཁོང་གིས“ང་ཚོས་ཏང་གི་སྲིད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། གྲོང་ཚོའི་ཁྱད་ཆོས་དང་དོན་དངོས་ལ་གཞི་ཚུགས་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འབྲི་གཡག་གསོ་ཚགས་དང་ཡུལ་སྐོར་དམངས་སྲོལ་གནས་ཚང་སོགས་འཕེལ་རྒྱས་གཏོང་བ། དམངས་འདུན་སྒྲུབ་པ་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ་དམངས་འཚོ་རྒྱུན་མཐུད་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དང་། ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་བརྗོད།
“ལོ་བཞིའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་ཕེབས་པ་ནས་ད་ཐེངས་ཀྱི་འཕྲིན་ལན་སྤྲིངས་གནང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་འཆང་གནང་བ་ང་ཚོས་དངོས་སུ་ཚོར་བྱུང”ཞེས་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་བརྗོད་པ་དང་། ཁོང་གིས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས་འཕྲིན་ལན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་རྒྱུན་མཐུད་མཉམ་འདྲེས་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པར་བྱེད་ཀྱི་ཡིན་ཞེས་བརྗོད།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ས་མཐོའི་དབུས་དང་རྨ་ཆུའི་ཆུ་འགོ་ཡོད་སར་གནས་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་། “གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད་པ་ལས་མགོ་ལོག་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་བསོད་ནམས་ཚེ་བརྟན་གྱི་སླད་ཕྱིན་གྱི་ལས་ཀའི་གཙོ་གནད་སྔར་བས་ཁ་གསལ་དུ་ཕྱིན་ཞིང་། ཁོང་གིས“ང་ཚོས་སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོར་བསྲུངས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་མཚོ་ལྷོའི་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས། སྐྱེ་ཁམས་ཞིབ་སློབ་དང་རིག་གནས་ཉམས་ལེན་སོགས་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། ས་མཐོའི་མཛེས་ལྗོངས་སྲུང་སྐྱོང་བྱེད་ཀྱིན་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་གིན་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བརྗོད།
ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡོན་ཅན་གྱིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱི་མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། སླད་ཕྱིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་བ་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན”ཞེས་བརྗོད།