གེགས་རྗེས་བསྐྱར་སྐྲུན་མ་དངུལ་ནི་ཏང་དང་སྲིད་གཞུང་གིས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་བྱེད་སེམས་དང་སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་བ་དང་རེ་བ་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་འགན་སྲུང་དང་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བཀག་ཉར་དང་གཞན་སྤྱོད་སོགས་ཀྱི་གནད་དོན་སྔོན་འགོག་ནུས་ལྡན་བྱས་ཏེ་མ་དངུལ་བདེ་འཇགས་དང་སྤྱོད་གོ་ཆེ་བའི་སྒོ་ནས་སྤྱོད་རྒྱུར་འགན་སྲུང་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་མ་དངུལ་ལྟ་འདོམས་ལམ་སྲོལ་བཙུགས་ནས《རང་བྱུང་གནོད་འཚེའི་འབྲེལ་ཡོད་མ་དངུལ་དོ་དམ་བྱ་ཐབས(དིང་རིའི་ས་ཡོམ་རིམ་པ6.8ཚུད)》བཟོས་པ་དང་། 《གཞིས་རྩེ་གྲོང་ཁྱེར་དིང་རིའི་ཡོམ་འགོག་གེགས་སེལ་གྱི་མ་དངུལ་དོ་དམ་བྱ་ཐབས》དང《གཞིས་རྩེ་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》གཏན་འབེབས་བྱས་ཏེ། མ་དངུལ་བགོ་བཤའ་དང་། གཏོང་སྤྲོད། བེད་སྤྱོད་སོགས་ལྷུ་ཚིགས་ཁག་གི་ཚད་གཞི་དང་བླང་བྱ་ཁ་གསལ་བཟོས་ནས། མ་དངུལ་ལྟ་འདོམས་ལ་ལམ་ལུགས་ཀྱི་གཞི་འཛིན་ས་བརྟན་པོ་བཟོས།
ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་བགོ་བཤའི་ལྷུ་ཚིགས་ཐད་གཞིས་རྩེ་གྲོང་ཁྱེར་གྱིས་གནོད་འཚེ་ཐེབས་ཚབས་ཆེ་ཆུང་དང་། གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གྲངས་འབོར། སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་མ་དངུལ་བགོ་བཤའ་བརྒྱབ་སྟེ། མ་དངུལ་དེ་དག་གནོད་འཚེ་ཐེབས་ཚབས་ཆེ་ཤོས་དང་དགོས་མཁོ་ཆེ་ཤོས་ཀྱི་ས་ཁུལ་ལ་གཏོང་ཐུབ་པའི་འགན་ལེན་བྱེད་པ་དང་། གཏོང་སྤྲོད་ཀྱི་ལྷུ་ཚིགས་ཐད་གཏན་འབེབས་ཀྱི་གོ་རིམ་དང་དུས་ཚོད་ལ་ནན་པོར་གཞིགས་ནས་མ་དངུལ་དུས་ཐོག་ཏུ་གྲངས་ཚང་ངང་སྤྲོད་པ་ལས་ནར་འགྱངས་དང་བཀག་ཉར་མི་བྱེད་པའི་འགན་ལེན་བྱེད་ཀྱི་ཡོད།
དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་མ་དངུལ་ལ་རྒྱུན་གཏན་གྱི་ལྟ་འདོམས་ལས་དོན་ཧུར་ཐག་བསྒྲུབས་ཏེ། དུས་ལྟར་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཀྱི་ཡོད། མ་དངུལ་བེད་སྤྱོད་བྱས་ཚུལ་ཞིབ་ཕྲ་དང་རྣམ་གྲངས་འཕེལ་རིམ་གནས་ཚུལ་བཀོད་གཏོང་བྱས་ནས་གཞི་གྲངས་ལ་དབྱེ་ཞིབ་ཞིབ་ཕྲ་དང་བསྡུར་བ་བྱས་པ་བརྒྱུད། མ་དངུལ་གཏོང་ཕྱོགས་དང་བེད་སྤྱོད་མྱུར་ཚད་གསལ་པོ་ཤེས་པར་བྱེད་པ་དང་། ཡུལ་དངོས་སུ་རྣམ་གྲངས་ལས་ཡུལ་ལ་ལྟ་ཞིབ་བྱེད་པ་བརྒྱུད་དེ། ཨར་སྐྲུན་ལས་མི་དང་གནོད་འཚེ་ཐེབས་པའི་མང་ཚོགས་དང་གླེང་མོལ་བྱས་ཏེ་མ་དངུལ་སྤྱོད་པའི་བརྒྱུད་རིམ་ནང་གནད་དོན་ཡོད་མེད་ཤེས་རྟོགས་བྱས་ནས། མ་དངུལ་དེ་དག་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་པ་མ་ཟད་འཛུགས་སྐྲུན་གྱི་མྱུར་ཚད་དང་མཐུན་པའི་འགན་ལེན་བྱེད་པ་དང་། ནོར་སྲིད་སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་གང་ལེགས་སྤྱད་དེ་མ་དངུལ་ཁག་རེ་རེའི་གཏོང་ཕྱོགས་དང་བེད་སྤྱོད་གནས་ཚུལ་དུས་ཐོག་ཏུ་ཤེས་པར་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། རིག་གྲོལ།