ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བདེ་སྐྱིད་ལྡན་པའི་ལོ་ཟླ།

སྤེལ་དུས 2025-09-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ལོ་30གོང་བརྒྱབ་པའི་ཉི་མ་དང་མགོན་པོ་ཚེ་རིང་གི་མཉམ་པར་ཡིན་པ།
འདི་ནི་ཉི་མ་དང་མགོན་པོ་ཚེ་རིང་གི་ད་ཆའི་ཁྱིམ་དུ་བརྒྱབ་པའི་མཉམ་པར་ཡིན་པ།
  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་དུ། ལོ་68ལ་སླེབས་པའི་ཉི་མ་དང་ལོ་67ལ་སླེབས་པའི་མགོན་པོ་ཚེ་རིང་གཉེན་སྒྲིག་བྱས་ནས་མི་ཚེ་ཕྱེད་ཀ་ལྷག་ཙམ་ཕྱིན་ཞིང་། ཁོང་གཉིས་ནི་ཚེ་སྨོན་གླིང་སྡེ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་ཡིན།
  པར་དེབ་རྙིང་པའི་ནང་གི་ཁྱོ་ཤུག་གིས་ལོ་30ཡི་གོང་སྟོད་ལུང་བདེ་ཆེན་རྫོང་དུ་བརྒྱབ་པའི་མཉམ་པར་དེ་མཐོང་སྐབས་འདས་དོན་མང་པོ་ཞིག་ཡིད་ལ་དྲན།
  ལོ་13ཐོག་ཨར་པོ་རྒྱག་ཡུལ་དུ་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་མཁན་ཉི་མ་དང་ལོ་20ལ་སླེབས་པའི་མགོན་པོ་ཚེ་རིང་གཉེན་སྒྲིག་བྱས། སྐབས་དེ་དུས་ཀྱི་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཁང་པ་མང་ཆེ་བ་ས་ཕག་ཁང་པ་ཡིན་ལ། འགྲོ་ལམ་ཡང་ཁོད་མི་སྙོམས་པར་ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ཁང་པའི་ཐོག་དཔངས་དམའ་བ་མ་ཟད་ལྷགས་པ་དང་ཆར་པ་ཡང་འགོག་མི་ཐུབ། སྐབས་དེ་དུས་བཟའ་ཚོ་གཉིས་ཀྱིས་བསྟན་འཛིན་དང་། འཇིགས་མེད། རྡོ་རྗེ་བཅས་བུ་གསུམ་སྐྱོང་དགོས་སྟབས་འཚོ་བ་སྐྱོ་ཙམ་ཡོད།
  དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས། ཁོང་ཚོའི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཞིང་། འདམ་རྫབ་ཀྱིས་ཁེངས་པའི་ལམ་བུ་དེ་ཁོད་སྙོམས་པས་རྡོ་གཅལ་ལམ་བུར་གྱུར་པ་དང་། ས་ཕག་གི་ཁང་པ་བཤིག་ནས་ཐོག་ཁང་བརྒྱབ་པ་མ་ཟད། ད་དུང་དུད་ཚང་ཚང་མར་ཆུ་དང་། གློག དྲོད་རླངས་བཅས་ཁྲིད་ཡོད། སྡེ་ཁུལ་དུ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་བསྐྲུན་པས། གྲོང་མི་ཚོས་ལས་དོན་སྒྲུབ་པར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མེད། “མཐུན་སྒྲིལ་བུ་བཅོལ་ཁང”བཙུགས་པས་ཕྲུ་གུ་ཚོ་སོ་སོའི་སྒོ་རྩར་སློབ་གྲྭར་འགྲོ་ཐུབ་པ་བྱུང་ནས་ཆ་རྐྱེན་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ནས་བརྙན་འཕྲིན་དང་འཁྱགས་སྒམ་སོགས་རྒྱུན་གཏན་གྱི་ཁྱིམ་ཆས་སུ་གྱུར་པ་མ་ཟད། གྲོང་མི་མི་ཉུང་བ་ཞིག་གིས་རླངས་འཁོར་ཆུང་གྲས་ཀྱང་ཉོས་ཡོད།
  ཏང་ཡོན་རྒན་གྲས་དང་སྒོ་རའི་ཙུའུ་ཀྲང་ཡིན་པའི་ངོས་ནས། ཉི་མ་ནི་སྡེ་ཁུལ་ལས་དོན་ནང་ཞུགས་མཁན་དང་དེར་ལྟ་སྐུལ་བྱེད་མཁན་ཡིན་པས། སྒོ་རའི་ནང་གི་དོན་དག་ཆེ་འབྲིང་ཆུང་གསུམ་ཚང་མར་ཁོང་གིས་ཐེ་གཏོགས་བྱེད་ཀྱི་ཡོད། རང་ཉིད་ཀྱིས་ཐག་གཅོད་བྱེད་མ་ཐུབ་ཚེ་འཕྲལ་དུ་དྲ་མིག་ལས་དོན་པ་འཚོལ་བ་དང་། གནད་དོན་ཐག་གཅོད་བྱུང་ཚེ་གཞི་ནས་བློ་བདེ་པོ་བྱེད་ཀྱི་ཡོད། འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་སྟབས་ཁོང་སྒོ་ར་དེའི་བློ་གཏད་ས་ཞིག་ཏུ་གྱུར་པ་དང་ཁྱིམ་མཚེས་ཕན་ཚུན་བར་ཡང་སྔར་བས་མཛའ་མཐུན་དང་འཆམ་པོར་གྱུར་ཡོད། མགོན་པོ་ཚེ་རིང་གིས་ཉིན་ལྟར་ཕྱིར་བསྐྱོད་དེ་སྦྱོང་བརྡར་བྱེད་པ་དང་། སྡེ་ཁུལ་རིག་རྩལ་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ནང་སྦྱོང་དང་འཁྲབ་སྟོན་ལ་ཧུར་ཐག་ཞུགས་ཀྱི་ཡོད། ཁོམ་པ་ཡོད་དུས་ཚ་བོ་ཚ་མོ་སྙོར་སྐྱོང་བྱས་ནས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད།
  ཁྱོ་ཤུག་རྒན་རྒོན་དེ་གཉིས་ཀྱི་རྒྱུན་ལྡན་གྱི་ལོ་ཟླའི་ནང་རྒྱུན་ལྡན་མ་ཡིན་པའི་དུས་རབས་ཀྱི་རྟགས་མཚན་ཞིག་ཡོད། ཚེ་སྨོན་གླིང་སྡེ་ཁུལ་གྱི་སོ་ཕག་རེ་རེ་དང་སྲང་ལམ་རེ་རེ་ཚང་མ་ཁོང་ཁྱོ་ཤུག་གཉིས་ཀྱི་དྲན་ཤེས་ནང་རིམ་བཞིན་གསར་པར་གྱུར་ཡོད། སྡེ་ཁུལ་གྱི་ཁྲོམ་གཞུང་ཚང་མ་གཙང་ཞིང་གྲལ་འགྲིག་པ་དང་། ཚ་བོ་སློབ་གྲྭ་གྲོལ་ནས་ལོག་རྗེས་དགའ་སྤྲོའི་ངང་སློབ་གྲྭའི་ནང་གི་དགོད་བྲོ་བའི་དོན་དག་བརྗོད་པ། ཁྱིམ་མཚེས་ཚོའི་གདོང་ནས་འཕྱུར་པའི་འཛུམ་མདངས་སོགས་ཚང་མ་འཚོ་བ་ལེགས་སུ་ཕྱིན་པའི་རྟགས་མཚན་ཡིན་པ་རེད།
  མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་འདི་དག་ནི་བོད་འཕེལ་རྒྱས་ཕྱིན་པའི་མཚོན་རྟགས་གསོན་ཉམས་ལྡན་ཤོས་རེད། འདི་ནི་ཚིག་གི་བརྗོད་པ་ཙམ་མ་ཡིན་པར་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོབ་ཚོར་དངོས་ཡིན་ལ། གངས་ལྗོངས་ས་མཐོའི་མི་རབས་མང་པོས་ལག་ཟུང་གིས་བཏེགས་པའི་བརྟན་བརླིང་དང་རེ་བ་ཡང་ཡིན་པས། དེ་ནི་དྲོ་སྐྱིད་ལྡན་ཞིང་སྟོབས་ཀྱིས་ཕྱུག་ཡོད།