ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་4མང་དུ་ཕྱིན་པ།
སྤེལ་དུས 2025-10-17
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་ནས། རྫོང(ཆུས)གིས་འོས་སྦྱོར་དང་གྲོང་ཁྱེར་རིམ་པས་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། མཚོ་སྨད་རྫོང་གི་གྲི་གུ་མཛེས་ལྗོངས་ཁུལ་དང་། སྣེ་གདོང་ཆུས་ཀྱི་བཀྲ་ཤིས་མཆོད་རྟེན་མཛེས་ལྗོངས་ཁུལ། ལྷོ་བྲག་རྫོང་གི་མཁར་ཆུ་མཛེས་ལྗོངས་ཁུལ། འཕྱོངས་རྒྱས་རྫོང་གི་ཆང་ཁྱིམ་བོད་ཀྱི་ནས་ཆང་གྲོང་ཚོ་དང་པོའི་མཛེས་ལྗོངས་ཁུལ་བཅས་ཚན་པ་4རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་ནས་ཁག་གསར་པའི་3Aརིམ་པའི་མཛེས་ལྗོངས་ཁུལ་ལ་གྱུར་པ་རེད།
ད་ཐེངས་ཀྱི་དཔྱད་བསྡུར་གཏན་འབེབས་ཀྱིས《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དོ་དམ་བྱ་ཐབས》དང《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་འབྱེད》ཀྱི་རྒྱལ་ཁབ་ཀྱི་ཚད་གཞིར་ནན་པོ་གཞིགས་པ་དང་། རིམ་སྤོར་མཛེས་ལྗོངས་ཁུལ་4ལ་སོ་སོའི་ཁྱད་ཆོས་ལྡན་པ་སྟེ། མཚོ་སྨད་རྫོང་གྲི་གུ་མཛེས་ལྗོངས་ཁུལ་ནི་སྤྱི་ལེ་ངོས་གྲུ་70ཡོད་པའི་ས་མཐོའི་མཚོ་ལྟེ་བར་བྱེད་པ་དང་། འདམ་ར་དང་། རྩྭ་ཐང་། རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་མཉམ་འདྲེས་ཡོང་བ་བྱས་ཏེ། རི་དང་མཚོའི་ལྗོངས་གཟིགས་སྟེགས་བུ་དང་སྐྱེ་ཁམས་ཞིབ་སློབ་རྟེན་གཞི་སོགས་ཀྱི་སྒྲིག་བཀོད་འཆར་འགོད་བྱས་ནས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་3.2ཤོང་ཐུབ་པ་དང་། སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་མཛེས་ལྗོངས་ཁུལ་ལ“ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ལྡན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཡར་ཀླུང་བཀྲ་ཤིས་ཞོལ་པའི”ལྷ་མོར་བརྟེན་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་གྲངས་བཏོད་པས། ད་ཆ་དམངས་སྲོལ་གནས་ཚང་85ལ་ཉལ་ཁྲི་744ཡོད་པ་རེད། ལྷོ་བྲག་རྫོང་མཁར་ཆུ་མཛེས་ལྗོངས་ཁུལ་གྱི་ལྟེ་བ་ནི་ས་བབ་སྨི་4019ཟིན་པའི་མཁར་ཆུ་དགོན་ཡིན་ཞིང་། གང་དེའི་མཐའ་འཁོར་སྤྲིན་དང་ན་བུན་འཁྲིགས་པ་མ་ཟད། དགོན་པའི་ནང་ལོ་ངོ་སྟོང་གི་རིག་དངོས་བཅུ་གྲངས་ཉར་ཚགས་བྱས་ཡོད་པས། དེ་ནི་ལྷོ་བྲག་རྫོང་དུ་ཡུལ་སྐོར་བྱེད་སྐབས་སྐྱོད་དགོས་ངེས་ཀྱི་ས་ཆ་ཞིག་རེད། འཕྱོངས་རྒྱས་རྫོང་ཆང་ཁྱིམ་ནས་ཆང་གྲོང་ཚོ་དང་པོའི་མཛེས་ལྗོངས་ཁུལ་ནི་ནས་ཆང་རིག་གནས་ལྟེ་བར་འཛིན་པ་དང་། དམངས་སྲོལ་ཉམས་ལེན་དང་ཞིང་སྡེའི་མཛེས་ལྗོངས་ཟུང་དུ་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་ནས་ཆང་སྙོལ་རྩལ་ངོམ་སའི་གྲོང་སྡེའི་རྣམ་པའི་ཁྱད་ལྡན་མཛེས་ལྗོངས་ཁུལ་ཞིག་རེད།